མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་དྲུག་པར་
ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་02ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         ཟླ་6ཚེས་29ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཉམ་སྡེབ་སློབ་སྦྱོང་ཐེངས་དྲུག་པ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ལ་བླ་ན་མེད་པའི་ཆབ་སྲིད་ཀྱི་ཕུགས་བསམ་དང་། མཆོག་ཏུ་གྱུར་པའི་ཆབ་སྲིད་ཀྱི་བརྩོན་ཕྱོགས། དྭངས་ཤིང་གཙང་བའི་ཆབ་སྲིད་ཀྱི་གཤིས་རྒྱུད། དམ་ཞིང་ནན་པའི་ཆབ་སྲིད་ཀྱི་སྒྲིག་ལམ་བཅས་ལྡན་ཡོད། གལ་ཏེ་མར་ཁེ་སི་རིང་ལུགས་སྲིད་ཏང་གི་ཆབ་སྲིད་ཐད་ཀྱི་སྔོན་ཐོན་རང་བཞིན་ཤོར་ན་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ཞེས་པའང་གླེང་ཐབས་བྲལ། ང་ཚོས་ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་ཏང་གི་རྩ་བའི་རང་བཞིན་འཛུགས་སྐྱོང་ལ་བརྩི་བའི་རྒྱུ་མཚན་དེ་ཡིན། ཏང་གི་ཆབ་སྲིད་འཛུགས་སྐྱོང་ནི་འགྱུར་མེད་ཀྱི་བརྗོད་གཞི་ཞིག་ཡིན། ཆབ་སྲིད་ཀྱི་ཁ་ཕྱོགས་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། ཏང་གི་ཆབ་སྲིད་འགོ་ཁྲིད་མཐའ་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་གཞི་རྩ་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། ཆབ་སྲིད་ཀྱི་ཉེན་ཁར་དོགས་ཟོན་བྱེད་པ། ཆབ་སྲིད་ཀྱི་རང་བཞིན་ནམ་ཡང་མི་ཉམས་པར་བྱེད་པ། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་རང་རེའི་ཏང་རྒྱུན་ཆད་མེད་པར་འཕེལ་རྒྱས་སྟོབས་ཆེར་འགྲོ་ཆེད་དང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་ཆེད་འགན་ལེན་གལ་ཆེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
        ཀྲུང་དབྱང་རྩ་འཛུགས་པུའི་ཙང་ཨན་མིན་གྱིས་གནད་དོན་དེར་འགྲེལ་བཤད་བསྐྱོན་པ་དང་འབྲེལ་བསམ་འཆར་དང་གྲོས་འགོ་ཡང་བཏོན་གནང་བ་རེད།
         ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཏང་གི་ཆབ་སྲིད་འཛུགས་སྐྱོང་ཞེས་པའི་བརྗོད་གཞི་ཆེན་པོ་འདི་བཏོན་པ་མ་ཟད། ད་དུང་ཏང་གི་ཆབ་སྲིད་འཛུགས་སྐྱོང་ནི་ཏང་གི་རྩ་བའི་རང་བཞིན་གྱི་འཛུགས་སྐྱོང་ཞིག་ཡིན། ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་ཨང་དང་པོར་འཇོག་པ་དང་ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱེད་དགོས་ཞེས་ནན་བཤད་ཀྱང་བྱས་ཡོད་ཅེས་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལག་ལེན་ནང་ང་ཚོས་ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་གནས་བབ་མངོན་གསལ་དོད་པོའི་ཐོག་བཞག་པས་ཆབ་སྲིད་ཀྱི་དད་མོས་བརྟན་དུ་གཏོང་བ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པ། ཏང་གི་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་ནན་དུ་གཏོང་བ། དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་དུ་གཏོང་བ། ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་གཙང་དུ་གཏོང་བ། སྤྱོད་གཙང་སྒྲིག་ནན་དང་རུལ་རྒོལ་ཆད་གཅོད་བྱེད་པ་སོགས་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཁ་ཕྱོགས་ནི་ཏང་འཚོ་གནས་དང་འཕེལ་རྒྱས་ཐད་ཀྱི་གནད་དོན་ཨང་དང་པོ་དེ་ཡིན། དེ་ཏང་གི་མདུན་ལམ་དང་། ལས་དབང་། བྱ་གཞག་བཅས་དར་རྒུད་ཇི་བྱུང་དང་འབྲེལ་བ་ཡོད། ང་ཚོས་བརྟན་སྲུང་བྱེད་དགོས་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ནི་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ། “ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད”དེ་བཞིན་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་བྱེད་ཕྱོགས་བཅས་ཡིན། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཞེས་པ་ནི་ཆབ་སྲིད་ཀྱི་ཕྱོགས་སྟོན་ནུས་པ་འདོན་སྤེལ་གྱིས་ཏང་ཡོངས་ལ་ཕུགས་བསམ་དད་སེམས་དང“གདེང་ཚོད་བཞི”བརྟན་དུ་གཏོང་དགོས་པའི་ཁྲིད་སྟོན་བྱས་ནས་ཏང་ཡོངས་ཀྱི་བློ་གྲོས་དང་སྟོབས་ཤུགས་དག་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཁྲོད་གཅིག་ཏུ་སྒྲིལ་དགོས་པ་དང་དེ་བཞིན་ཏང་ཡོངས་ཀྱིས་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་མཐའ་འཁྱོངས་བྱ་རྒྱུ་དེ་འཐབ་ཇུས་གལ་ཆེན་འགོད་པ་དང་། སྲིད་ཇུས་གལ་ཆེན་བཟོ་བ། ལས་འགན་གལ་ཆེན་བཀོད་སྒྲིག་བྱེད་པ། ལས་དོན་གལ་ཆེན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལག་ལེན་ནང་འཁྱོལ་བ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཚད་གཞི་དང་ཡང་ཡང་བསྡུར་བ། དུས་ཐོག་ཏུ་ཡོ་ཁྱད་སྲོང་བ་བཅས་ཀྱི་ཐོག་ནས་ཏང་གི་ཆབ་སྲིད་ཁ་ཕྱོགས་འཛོལ་བ་དང་རྒྱབ་འགལ་གྱི་བྱ་སྤྱོད་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས།
         ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བའི་ཁྱད་ཆོས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱ་རྒྱུ་དེ་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པ་དེ་ཡིན། ཏང་ནི་ཆབ་སྲིད་ཀྱི་འགོ་ཁྲིད་མཐོ་ཤོས་ཀྱི་སྟོབས་ཤུགས་ཤིག་ཡིན། དེས་ན་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པའི་རྩ་འཛུགས་ཀྱི་མ་ལག་དང་། ལམ་ལུགས་ཀྱི་མ་ལག ལས་ཀའི་ལམ་སྲོལ་བཅས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ཏང་གི་འགོ་ཁྲིད་དེ་སྒྱུར་འཕེལ་བརྟན་གསུམ་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་སོགས་ཁྱབ་ཁོངས་ཁག་དང་། ཕྱོགས་ཁག ལྷུ་ཚིགས་ཁག་བཅས་སུ་དོན་འཁྱོལ་ཏན་ཏིག་ཐུབ་པར་བྱེད་དགོས། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་སྐབས་གལ་ཆེ་ཤོས་ནི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་ཡིན། ཏང་ཡོངས་ལ“འདུ་ཤེས་བཞི”ཟབ་ཏུ་གཏོང་རྒྱུའི་ཁྲིད་སྟོན་བྱས་ཏེ་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་དམངས་སེམས་ཞེས་པའི་ཆབ་སྲིད་ཆེ་ཤོས་དེར་དམ་པོར་དམིགས་ཏེ། དམངས་ཀྱི་སེམས་པ་ཐོབ་པར་བྱ་རྒྱུ་དང་། དམངས་ཀྱི་འདོད་འདུན་ཤེས་པར་བྱ་རྒྱུ། དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་རྒྱུ་བཅས་ཤུགས་རྒྱག་ས་གཙོ་བོར་བྱེད་དགོས། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ཏེ་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པ་དང་། མི་དམངས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མི་དམངས་དང་ལས་ཀ་མཉམ་དུ་བྱེད་པ། “སྤྱོད་ཚུལ་བཞི”དང་ལྷག་པར་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་འདྲེས་པ་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཐུབ་པ་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་འབད་འབུངས་ཆེར་བསྐྱེད་བྱ་རྒྱུའི་སློབ་གསོ་དང་སྐུལ་ལྕག་བཏང་སྟེ། བསམ་བློ་དང་སྟོབས་ཤུགས་ཡོད་ཚད་བརྟན་པོའི་ངང་འཕེལ་རྒྱས་གཏོང་བ་དང་། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། གྲུབ་ཆ་ལེགས་སྒྲིག་བྱེད་པ། དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་པ། དཀའ་གནད་སེལ་བ། དཀའ་ངལ་ཁྱད་དུ་གསོད་པ། མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཁེ་ཕན་གྱི་གནད་དོན་ཐད་སྤྱོད་དགོས།
         ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ཆབ་སྲིད་ཀྱི་ཁོར་ཡུག་ཡག་པོ་ཞིག་གཏོད་རྒྱུ་ནི་ཡུན་རིང་གི་ལས་འགན་ཞིག་ཡིན་པས་ངེས་པར་དུ་ཏང་གི་ཆབ་སྲིད་འཛུགས་སྐྱོང་གི་རྨང་གཞིའི་རང་བཞིན་དང་རྒྱུན་གཏན་རང་བཞིན་གྱི་ལས་ཀ་ཞིག་ཏུ་བརྩི་དགོས། རྩ་བ་རྒྱས་ན་ལོ་མ་རང་ཤུགས་སུ་རྒྱས་པའི་དཔེ་ལྟར་སྙིང་རུས་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས། མི་འདེམས་སྤྱོད་ཀྱི་སྟོན་ཕྱོགས་ཡང་དག་ཅིག་འཛུགས་རྒྱུ་དེ་ཤུགས་རྒྱག་ས་གལ་ཆེན་ཞིག་ཏུ་བརྩིས་ནས་ཆབ་སྲིད་ཀྱི་ཚད་གཞི་འབུར་དུ་ཐོན་པར་བྱེད་དགོས། དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་ཞིག་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཁྲོད་ཏང་ཡོན་དང་ལས་བྱེད་པར་རྒྱུན་དུ་ཆབ་སྲིད་ཀྱི་ཉམས་ལེན་དང་ལེན་བྱེད་བཅུག་ནས་ཆབ་སྲིད་ཀྱི་གོ་རྟོགས་མཐོ་རུ་གཏོང་དགོས། ཏང་ནང་ཁུལ་གྱི་ཆབ་སྲིད་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཏང་གིས་དར་སྤེལ་གཏོང་བའི་ཕུགས་བསམ་དད་སེམས་དང་། རིན་ཐང་འདུ་ཤེས། ཕུལ་བྱུང་སྲོལ་རྒྱུན་བཅས་ཏང་ཡོན་དང་ལས་བྱེད་པའི་སེམས་ནང་ཟུག་པར་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིང་ཐང་ལྟ་བ་དར་སྤེལ་དང་ལྷག་བསམ་རྣམ་དག་དང་། བདེན་པ་བདེན་ཐུབ། དངོས་ཐོག་བདེན་འཚོལ། གཞུང་དྲང་སྤྱོད་གཙང་སོགས་ཀྱི་རིན་ཐང་ལྟ་བ་དར་སྤེལ་དང་ལག་བསྟར་གྱིས་ཆབ་སྲིད་རིག་གནས་ཀྱི་རྣམ་པ་ཡག་པོའི་ཐོག་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཅིག་གཏོད་དགོས།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རེའི་ཏང་ནི་ནང་རྩོད་ཕྱི་འཁྲུག་གི་དུས་སུ་དབུ་བརྙེས་པ་ཞིག་དང་། དཀའ་ངལ་དང་གེགས་བར་མང་པོའི་ཁྲོད་འཚར་ལོངས་བྱུང་བ་ཞིག ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཁྲོད་ལས་རྣམ་པར་རྒྱལ་ཏེ་སྟོབས་ཆེར་སོང་བ་ཞིག་བཅས་ཡིན་པས་སྔ་ཕྱི་བར་གསུམ་དུ་སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་བསམ་གྱི་འདུ་ཤེས་ཟབ་མོ་ལྡན་ཡོད། རིམ་ཁག་འགོ་ཁྲིད་ལས་བྱེད་པར་ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་དང་དབྱེ་འབྱེད་ནུས་པ་ཆེ་རུ་གཏོང་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱས་ནས་མིག་གསལ་པོ་དང་། གནད་དོན་རྟོགས་སྔ་བ། བྱ་སྤྱོད་སྤེལ་མགྱོགས་པ་བཅས་ཡོང་བ་བྱེད་དགོས།
         ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ངེས་པར་དུ་ནམ་ཡང་ཚར་དུས་མེད་པའི་ཆོད་སེམས་བརྟན་པོ་དང་བློ་སྟོབས་ཆེན་པོའི་ཐོག་ནས་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་མཐའ་གཅིག་ཏུ་བྱས་ཏེ་རང་རེའི་ཏང་ནམ་ཡང་ངོ་བོ་མི་འགྱུར་བ་དང་རྣམ་པ་མི་འགྱུར་བ་བྱེད་དགོས། འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་མཆོག་གྱུར་ཀུན་སྤྱོད་རྟོགས་པ་དང་། སྤྱི་པའི་ཀུན་སྤྱོད་སྲུང་བརྩི། སྒེར་གྱི་ཀུན་སྤྱོད་ནན་སྲུང་བཅས་བྱས་ཏེ་སྤྱོད་གཙང་རང་གཅུན་དང་། སྤྱོད་གཙང་དབང་སྤྱོད། སྤྱོད་གཙང་ཁྱིམ་སྐྱོང་བཅས་ཐད་མིག་དཔེ་སྟོན་དགོས། ལམ་ལུགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། སྐོར་གཟིགས་སྤུ་གྲིའི་ནུས་པ་འདོན་སྤེལ་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཞི་རིམ་ཕྱོགས་སུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ལ་ལས་བྱེད་པ་དྲང་བདེན་དང་། སྲིད་གཞུང་སྤྱོད་གཙང་། ཆབ་སྲིད་དྭངས་གཙང་བཅས་རང་གི་མིག་མདུན་དུ་ཡོད་པ་ཚོར་ཐུབ་པར་བྱེད་དགོས།
        ཞི་ཅིན་ཕིང་གིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་དེ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་ཐོག་དོན་འཁྱོལ་བྱེད་པར་རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པའི་ཁ་ཕྱོགས་དང་། དུས་བབ་ཆེན་པོ། སྤྱི་ཡོངས་བཅས་སྟངས་འཛིན་བྱེད་པའི་ནུས་པ་དང་ཆབ་སྲིད་ཀྱི་ཡིན་མིན་དབྱེ་འབྱེད་དང་། ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས། ཆབ་སྲིད་ཀྱི་གནས་ཚུལ་ཁོང་དུ་ཆུད་པ། ཆབ་སྲིད་ཀྱི་ཉེན་ཁ་འགོག་ཟོན་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ཆབ་སྲིད་ཀྱི་ཐོག་ནས་གནད་དོན་ལ་དབྱེ་ཞིབ་དང་ཐག་གཅོད་བྱ་རྒྱུར་བྱང་ཆུབ་པ་ཞིག་དགོས་ཞེས་ནན་བཤད་གནང་བ་རེད།