མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་དང་མཇལ་འཛོམས་
གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་06ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་4ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་མཱ་ཐེ་ཝུའེ་ཡན་ཁོའོ་དང་མཇལ་འཛོམས་གནང་བ་རེད།
          ཞི་ཅིན་ཕིང་གིས་མཱ་ཐེ་ཝུའེ་ཡན་ཁོའོ་ལ་ཙུང་ཐུང་ཕུའུ་ཅིང་ལ་མཛའ་བརྩེའི་འཚམས་འདྲི་ཞུ་རོགས་གསུངས་ཤིང་། ཁོང་གིས་ཟླ་བ་གོང་མར་ཙུང་ཐུང་ཕུའུ་ཅིང་གིས་གྲུབ་འབྲས་ཐོབ་པའི་ངང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་དང་འབྲེལ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཆིང་ཏའོ་དབུ་ཚོགས་སུའང་ཞུགས་ཡོད། ང་ཚོས་གནད་དོན་གལ་ཆེན་རབ་དང་རིམ་པའི་ཐད་བསམ་འཆར་བརྗེ་རེས་བྱས་པ་ཡིན་ལ་ཐུན་མོང་གི་ངོས་འཛིན་གལ་ཆེན་ཡང་བྱུང་། ངས་ཙུང་ཐུང་ཕུའུ་ཅིང་ལ་ཀྲུང་གོའི“མཛའ་གྲོགས་བྱས་རྗེས་གཟེངས་རྟགས”ཐོག་མ་དེ་ཕུལ་བ་དེ་ཐོག་ནས་ཀྲུང་ཨུའི་འབྲེལ་བའི་གལ་ཆེའི་རང་བཞིན་དང་དམིགས་བསལ་རང་བཞིན་འབུར་དུ་མངོན་གྱི་ཡོད། ངས་ཟླ་བ་འདིར་ལྷོ་ཨ་ཧྥེ་རི་ཁའི་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་མཇལ་འཛོམས་རིང་སླར་ཡང་ཁོང་དང་ཞལ་འཛོམས་ཡོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་མིག་སྔར་ཀྲུང་ཨུའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད། རྒྱལ་ཁབ་ཆེན་པོ་དང་ཁྱིམ་མཚེས་རྒྱལ་ཁབ་འགྲོ་འོང་གི་དཔེ་མཚོན་ཞིག་བཏོད་ཡོད། འདི་ལོ་རྒྱལ་ཁབ་གཉིས་པོས་རང་རང་སོ་སོའི་རྒྱལ་ནང་གི་ཆབ་སྲིད་གྲོས་རིམ་གལ་ཆེན་བདེ་བླག་ངང་ལེགས་པར་བསྒྲུབས་ཤིང་། རྒྱལ་ཁབ་དང་མི་རིགས་སྟོབས་འབྱོར་དར་རྒྱས་ཡོང་བ་བྱེད་པའི་འགྲོ་ལམ་ཐོག་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད་ལ་ཀྲུང་ཨུའི་འབྲེལ་བ་ཡུན་རིང་སྐྱོན་བྲལ་དང་བརྟན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་ཕྱིར་རྨང་གཞི་བརྟན་པོ་ཞིག་ཀྱང་བཏིང་ཡོད། ང་ཚོས་ཕྱོགས་གཉིས་པོའི་གནད་སྨིན་འཐུས་ཚང་དང་སྲ་ཞིང་བརྟན་པའི་འཐབ་ཇུས་རོགས་ཟླའི་འབྲེལ་བར་གཅེས་འཛིན་ཆེན་པོ་དང་སྲུང་སྐྱོང་བྱེད་པ་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་བློ་རྩ་བརྟན་པོས་ཟབ་ཏུ་གཏོང་བ། ཕར་ཕྱོགས་ཀྱིས་ལྟེ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པར་སྔར་རྒྱུན་བཞིན་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱེད་པ། རྒྱལ་སྤྱིའི་ལས་དོན་དང་གོ་ལ་ཧྲིལ་པོ་བཅོས་སྐྱོང་བྱེད་པའི་ནང་ཧུར་ཐག་ཞུགས་པ་བཅས་བྱས་ཏེ་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ཡོང་ཕྱིར་ལེགས་སྐྱེས་ཆེན་པོ་འབུལ་དགོས་ཞེས་བསྟན་གནང་བ་རེད།
          ཞི་ཅིན་ཕིང་གིས་ཁྲིམས་འཛུགས་སྒྲིག་གཞིའི་མཉམ་ལས་ནི་ཕྱོགས་གཉིས་པོའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱི་སྒྲིག་གཞི་ཉིན་བཞིན་འཐུས་སྒོ་ཚང་དུ་སོང་ནས་རྒྱལ་ཁབ་གཉིས་པོས་ཕྱོགས་ཡོངས་ཀྱི་མཉམ་ལས་བྱ་རྒྱུར་ཁྲིམས་འཛུགས་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱས་པ་དང་ཐབས་ལམ་མང་བའི་སྤེལ་རེས་ལས་སྟེགས་བསྐྲུན་ཡོད་ཅེས་གསུངས་པ་རེད།
          མཱ་ཐེ་ཝུའེ་ཡན་ཁོའོ་ཡིས་ཙུང་ཐུང་ཕུའུ་ཅིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་དང་བཀྲ་ཤིས་སྨོན་འདུན་ཞུ་རོགས་གསུང་གི་འདུག་ཅེས་གསུངས་ཤིང་། ཁོང་གིས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་སྣེ་ཁྲིད་འོག་ཨུ་ཀྲུང་གི་འབྲེལ་བ་ཆུ་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་བྱུང་ཡོད། མིག་སྔར་ཕྱོགས་གཉིས་པོའི་ལས་འགན་གཙོ་བོ་ནི་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་བྱ་རྒྱུ་དེ་ཡིན། དེའི་ཁྲོད་རྒྱལ་ཁབ་གཉིས་པོའི་ཁྲིམས་འཛུགས་སྒྲིག་གཞི་ནི་བྱས་ན་བྱེད་གཞི་ཆེན་པོ་ཡོད་པ་ཞིག་ཡིན་ཞེས་གསུངས་པ་རེད།