མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་སྐོར་ལ་མཛུབ་སྟོན་གལ་ཆེན་
གནང་བ་དང་ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་07ཉིན། 15:57】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

           མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་སྟེ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གནང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་དུས་རབས་གསར་པར“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་གནས་བབ་གལ་ཆེན་ཐོག་བཞག་ནས་རིམ་པ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་བྱ་སྤྱོད་དུ་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པར་གཙོ་གནད་དམ་འཛིན་དང་། ཞན་ཆ་ཁ་གསབ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་དང་། ཤེས་ལྡན་པ་དར་རྒྱས། རིག་གནས་དར་རྒྱས། སྣོད་བཅུད་དར་རྒྱས། རྩ་འཛུགས་དར་རྒྱས་བཅས་ཡོང་བ་བྱས་ནས་ཞིང་ལས་ཕྱོགས་ཡོངས་ནས་རིམ་སྤོར་དང་། གྲོང་གསེབ་ཕྱོགས་ཡོངས་ནས་ཡར་རྒྱས། ཞིང་པ་ཕྱོགས་ཡོངས་ནས་འཕེལ་རྒྱས་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་ཞིང་པའི་འདོད་བློར་བརྩི་འཇོག་བྱས་ཏེ་རྒྱ་ཆེའི་ཞིང་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འཕེལ་བ་དང་གྲོང་གསེབ་དར་རྒྱས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བ་བྱས་ནས་རྒྱ་ཆེའི་ཞིང་པར་གྲོང་གསེབ་དར་རྒྱས་ཁྲོད་ནས་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་དེ་བས་མང་བ་ཐོབ་པ་བྱེད་དགོས། དངོས་སྒྲུབ་ལ་བརྟེན་ནས་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པར་གྲོང་གསེབ་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུས་ཏེ་འཆར་འགོད་སྔོན་ལ་ལག་ལེན་བསྟར་བ་དང་། རིགས་དབྱེ་སྐུལ་འདེད་གཏོང་བ། གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ། དཀའ་སྤྱད་དངོས་སྒྲུབ་བཅས་བྱས་ནས་གྲོང་གསེབ་དར་རྒྱས་ལ་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གནང་སྟེ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་དང་འབྲེལ་བ་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་འཆར་འགོད་ལག་བསྟར་བྱེད་པ། “ཞིང་གསུམ”ལ་གཏོང་ཆ་གཏོང་ཤུགས་མུ་མཐུད་ཆེ་རུ་གཏོང་བ། ཞིང་ཕན་ཞིང་ཕྱུག་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཞིང་ལས་ཚན་རྩལ་ཡར་ཐོན་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་དེང་རབས་ཅན་གྱི་ཞིང་ལས་ཐོན་ལས་མ་ལག་དང་། ཐོན་སྐྱེད་མ་ལག གཉེར་སྐྱོང་མ་ལག་བཅས་གཏོད་དགོས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་བྱས་ཏེ་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་ལེགས་སུ་གཏོང་རྒྱུར་འབད་བརྩོན་བྱེད་པ་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལོ་གསུམ་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། “དྲ་སྦྲེལ+”ལ་བརྟེན་ནས་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་གཉེར་སྐྱོང་བྱེད་པོ་དཔེ་གསར་སྐྱེད་སྲིང་ཤུགས་ཆེན་བྱེད་པ་དང་ཞིང་པ་ལས་ཞུགས་བརྟན་པོ་ཡོང་བ་དང་རྒྱུན་མཐུད་འབབ་འཕར་ཡོང་བའི་ཐབས་ལམ་རྒྱ་སྐྱེད་གཏོང་དགོས། སྤྱི་ཚོགས་ཡོངས་ཀྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་སྔར་བས་གཅིག་ཏུ་བསྒྲིལ་ནས་ཞིང་པ་དུང་ཕྱུར་མང་པོ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱ་རྒྱུར་འབད་བརྩོན་བྱེད་དགོས་ཞེས་གསུངས་པ་རེད།
         ཚེས་5ཉིན་གྱི་སྔ་དྲོ་རྒྱལ་ཡོངས་ཀྱི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་གྱི་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་ཞི་ཅིན་ཕིང་གི་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། གྲོང་གསེབ་དར་རྒྱས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ། ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་དོན་འཁྱོལ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་འཆར་འགོད་ནང་བཏོན་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ་འགོ་ཁྲིད་ཀྱི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། ཕུགས་ཕན་མ་འཇོག་ལམ་སྲོལ་འཛུགས་པ། སྲིད་ཇུས་ཀྱི་ལམ་ལུགས་ཀྱི་འགན་ལེན་ལ་ཤུགས་སྣོན་རྒྱག་པ། ཞིང་པའི་ནུས་པ་གཙོ་བོ་འདོན་སྤེལ། ངེས་ཤུགས་དང་སེམས་ཤུགས་རྒྱུན་འཁྱོངས་བྱེད་པ། རྒྱུན་སྲིང་ལྷོད་མེད་ངང་བྱ་ཐབས་ཁག་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་ཞེས་གསུངས་པ་རེད།
           ཚོགས་འདུའི་ཐོག་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ཆར་བཀྲམ་པའི་《གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་འཆར་འགོད(2018ལོ་ནས་2022ལོ་བར)》ནང་གི་གཙོ་གནད་ལས་འགན་ཁག་བཀོད་སྒྲིག་དོན་འཁྱོལ་བྱས་པ་དང་། འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད་སྤེལ་བ་རེད།