མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཐེ་ལན་གྱི་ཕུའུ་ཅི་གླིང་ཕྲན་གྱི་སྤྲོ་གསེང་གྲུ་གཟིངས་མགོ་རྟིང་ལོག་པའི་ལས་འཛོལ་
ཐད་མཛུབ་སྟོན་གལ་ཆེན་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་08ཉིན། 11:46】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

        མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་5ཉིན་གྱི་ཆུ་ཚོད་18དང་སྐར་མ་45ཙམ་ལ་ཀྲུང་གོའི་ཡུལ་སྐོར་བ་བླུགས་པའི་སྤྲོ་གསེང་གྲུ་གཟིངས་གཉིས་ཐེ་ལན་གྱི་ཕུའུ་ཅི་གླིང་ཕྲན་ཉེ་འགྲམ་གྱི་མཚོ་ཁོངས་སུ་དྲག་ཆར་རླུང་འཚུབ་ཀྱི་གནོད་འཚེ་ཕོག་སྟེ་མགོ་རྟིང་ལོག་པའི་ལས་འཛོལ་ཐོན་པ་རེད། མིག་སྔའི་བར་གྲུ་གཟིགས་ནང་གི་ཀྲུང་གོའི་ཡུལ་སྐོར་བ་127ཡོད་པའི་ཁྲོད་ནས་མི་16རྐྱེན་ལམ་དུ་ཤོར་བ་དང་མི་33གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། དེ་བྱིངས་ཀྱི་མི་78བསྐྱབས་ཡོད། རྨས་སྐྱོན་ཕོག་པའི་ཡུལ་སྐོར་བ་ས་གནས་དེ་གའི་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་ཡོད་པ་རེད།
         ལས་འཛོལ་ཐོན་རྗེས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་ཕྱི་འབྲེལ་པུའུ་དང་ཐེ་ལན་དུ་བཅའ་སྡོད་རང་རྒྱལ་གྱི་གཞུང་ཚབ་ཁང་དང་ཁེ་སྐྱོང་ལས་ཤག་གིས་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ་ཐེ་ལན་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་ལ་གར་སོང་ཆ་མེད་དུ་གྱུར་བའི་མི་སྣ་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་དང་རྨས་མ་སྐྱོབ་བཅོས་ཧུར་ཐག་བྱ་རྒྱུའི་རེ་བ་འདོན་དགོས་པ་དང་། རིག་གནས་དང་ཡུལ་སྐོར་པུས་གཞོགས་འདེགས་བྱས་ནས་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་གནང་བ་རེད། ཞི་ཅིན་ཕིང་གིས་མིག་སྔར་དབྱར་གསེང་སྐབས་དང་འཁེལ་བས་ཕྱིར་ཡུལ་སྐོར་དུ་སྐྱོད་མཁན་མང་ཙམ་ཡོད། ས་གནས་ཁག་གཅིག་ཏུ་འབྲུབ་ཆུ་རྒྱས་པ་སོགས་ཀྱི་གནས་ཚུལ་མངོན་གསལ་དོད་པོ་ཡོད་པས་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཉེན་ཁའི་སྔོན་བརྡ་དུས་ཐོག་ཏུ་གཏོང་བ་དང་། ཡུལ་སྐོར་ལས་དོན་ཁང་དང་ཡུལ་སྐོར་བར་ཉེན་ཁར་དོགས་ཟོན་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་དགོས་པའི་དྲན་སྐུལ་བྱེད་པ། བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་སེལ་བ། བདེ་འཇགས་ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་དང་འཕྲལ་སྡོམ་ལས་དོན་སྤེལ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་རང་རྒྱལ་གྱི་གར་སོང་ཆ་མེད་དུ་གྱུར་བའི་ཡུལ་སྐོར་བ་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱེད་པ་དང་། རྨས་མ་སྐྱོབ་བཅོས་བྱེད་པ། རྗེས་མཇུག་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། ཕྱིར་ཡུལ་སྐོར་དུ་སྐྱོད་མཁན་ཚོའི་བདེ་འཇགས་དོགས་ཟོན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྣང་ཆེན་བྱས་ཏེ་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་སྲུང་སྐྱོང་ལམ་སྲོལ་བརྒྱུད་རང་རྒྱལ་གྱི་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཡག་པོ་བྱེད་པ་དང་ཕྱིར་སྐྱོད་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།