མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་
ཐེངས་གསུམ་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་08ཉིན། 11:52】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་6ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་སྒྱུར་བཅོས་ཀྱི་གྲུབ་འབྲས་ཟབ་ཏུ་བཏང་བའི་རྨང་གཞིའི་ཐོག་གོ་སྐབས་དམ་འཛིན་གྱིས་སྤྱི་ཡོངས་རང་བཞིན་གྱི་སྒྱུར་བཅོས་གལ་ཆེན་ལ་སྐུལ་འདེད་བཏང་བ་དང་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བྱས་པར་འཕེལ་རྒྱས་ཆེན་པོ་བྱུང་ཡོད། སླད་ཕྱིན་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་དགོས་ཤིང་། སྟོབས་ཤུགས་དང་སེམས་ཤུགས་དེ་བས་མང་བ་གཙོ་གནད་དང་དཀའ་གནད་ཐག་གཅོད་བྱེད་པའི་ཐོག་འཇོག་པ་དང་། སྟོབས་ཤུགས་གཅིག་སྡུད་ཀྱིས་འགག་སྒྲོལ་དམག་འཐབ་ལེགས་པར་རྒྱག་པ། ལམ་ལུགས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ། གཞི་རིམ་གྱི་ཉམས་མྱོང་སྐུལ་སྤེལ་ཐུབ་པར་བྱེད་པ། ལས་བྱེད་པར་བྱས་རྗེས་འཇོག་རྒྱུའི་ལྕག་སྐུལ་བྱེད་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ལས་དོན་ཏན་ཏན་ཏིག་ཏིག་ངང་གཏིང་ཟབ་ཏུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཧུའུ་ཉིང་དང་ཧན་ཀྲེང་ཚོགས་འདུར་ཕེབས་པ་རེད།
         ཚོགས་འདུའི་ཐོག《ཧོ་པེ་ཞུང་ཨན་ཁུལ་གསར་གྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》དང་། 《དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྲུན་བྱ་རྒྱུའི་ཚོད་ལྟའི་ལས་དོན་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》 《སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་འཕེལ་རྒྱས་གཏོང་སྟངས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》 《སློབ་ཞུགས་གོང་གི་སློབ་གསོ་སྒྱུར་བཅོས་གཏིང་ཟབ་དང་འཕེལ་རྒྱས་ཚད་ལྡན་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་》 《སྔོན་རྩིས་ལས་རྗེས་དོ་དམ་ཕྱོགས་ཡོངས་ནས་བྱ་རྒྱུའི་སྐོར་གྱི་བསམ་འཆར་》 《འཛད་སྤྱོད་སྐུལ་སྤེལ་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གྲོང་མིའི་འཛད་སྤྱོད་ཐད་ཀྱི་མི་མངོན་པའི་ནུས་པ་སྔར་བས་འཕེལ་བར་བྱ་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་》 《འཛད་སྤྱོད་ལ་སྐུལ་སྤེལ་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི(2018ལོ་ནས་2020ལོ་བར)》 《གཞི་རྩའི་སྤྱི་པའི་ཞབས་ཞུའི་ཚད་གཞི་དང་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》 《རིག་དངོས་སྲུང་སྐྱོང་དང་། བེད་སྤྱོད། སྒྱུར་བཅོས་བཅས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་》 《སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་ཀྱི་ཕྱོགས་གསུམ་པའི་ལས་རྗེས་གདེང་འཇོག་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》 《བསྡོམས་རྩིས་རྫུན་བཟོ་དང་མི་བདེན་རྫུན་སྒྲིག་རིགས་ལ་དོགས་ཟོན་དང་ཆད་གཅོད་ཀྱི་ལྟ་བཤེར་ལས་དོན་སྐོར་གྱི་གཏན་འབེབས་》 《ཀྲེ་ཅང་སོགས་ས་གནས་ཀྱི“མང་ཤོས་ལའང་ཐེངས་གཅིག་སྐྱོད་པ”ལ་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུར་ཀྲུང་དབྱང་རིམ་ངོས་ནས་ཐག་གཅོད་བྱེད་དགོས་པའི་སྐོར་གྱི་བྱ་བའི་གསལ་ཐོ་དང་ལས་དོན་གྱི་གྲོས་འགོ་》 《རྫོང་མན་གྱི་བྱ་གཞག་ཚན་པའི་དོ་དམ་ལས་གནས་ཀྱི་ལས་བྱེད་པའི་རིམ་པ་སྤོར་བའི་ལམ་ལུགས་ཀྱི་ཚོད་ལྟའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》 《དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ལ་སྐུལ་འདེད་གཏོང་རྒྱུའི་ནོར་སྲིད་སྲིད་ཇུས་འགའ་ཞིག་སྐོར་གྱི་བསམ་འཆར་》 《པེ་ཅིང་དྲ་སྦྲེལ་ཁྲིམས་ཁང་དང་ཀོང་ཀྲོའུ་དྲ་སྦྲེལ་ཁྲིམས་ཁང་གསབ་འཛུགས་བྱ་རྒྱུའི་སྐོར་གྱི་ཇུས་གཞི་》 《ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཐིང་འཛུགས་རྒྱུའི་སྐོར་གྱི་ཇུས་གཞི་》བཅས་ལ་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་ཡང་བྱུང་བ་རེད།
         ཚོགས་འདུའི་ཐོག་ཧོ་པེ་ཞུང་ཨན་ཁུལ་གསར་གྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་སྒོ་མོ་དབྱེ་རྒྱ་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་ཐད་པེ་ཅིང་གི་རྒྱལ་སའི་བྱེད་ནུས་མིན་པའི་གཤོང་སྒྲིག་གཅིག་སྡུད་ཐེག་གནས་ཞེས་པའི་ངེས་གནས་ཁོང་དུ་བརྟན་པོར་ཆུད་པ་བྱེད་དགོས་ཞེས་བསྟན་པ་རེད།
          ཚོགས་འདུའི་ཐོག་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྲུན་བྱ་རྒྱུ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་བསྒྲགས་གཏིང་ཟབ་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཡིན་པས་མང་ཚོགས་གོང་བུ་གཅིག་ཏུ་འགྲིལ་རྒྱུ་དང་མང་ཚོགས་ལ་ཁྲིད་སྟོན་བྱ་རྒྱུར་དམིགས་དགོས་ཞེས་ནན་བཤད་གནང་བ་རེད།
         ཚོགས་འདུའི་ཐོག་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་འཕེལ་རྒྱས་གཏོང་སྟངས་ཚད་ལྡན་དུ་གཏོང་རྒྱུའི་ཐད་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས་པ་དང་། སྤྱོད་བཟང་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། བྱང་ཚད་སློབ་གསོ་འཕེལ་རྒྱས་གཏོང་དགོས་པ་བསྟན་ཡོད་པ་རེད།
        ཚོགས་འདུའི་ཐོག་སློབ་ཞུགས་གོང་གི་སློབ་གསོ་སྒྱུར་བཅོས་གཏིང་ཟབ་དང་འཕེལ་རྒྱས་ཚད་ལྡན་ལ་སྐུལ་འདེད་གཏོང་རྒྱུ་ནི་ཏང་དང་སྲིད་གཞུང་གིས་མི་སེར་ལ་བྱ་བ་དངོས་སྒྲུབ་པའི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཡིན་ཞེས་ནན་བཤད་བྱས་པ་རེད།
        ཚོགས་འདུའི་ཐོག་སྔོན་རྩིས་ལས་རྗེས་དོ་དམ་ཕྱོགས་ཡོངས་ནས་བྱ་རྒྱུ་ནི་སྲིད་གཞུང་གི་བཅོས་སྐྱོང་བྱེད་སྟངས་ལ་འཕོ་འགྱུར་གཏིང་ཟབ་བྱུང་བ་ཞིག་རེད་ཅེས་བསྟན་པ་རེད།
        ཚོགས་འདུའི་ཐོག་འཛད་སྤྱོད་སྐུལ་སྤེལ་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ཐད་གྲོང་མིའི་འཛད་སྤྱོད་ཀྱི་འཕེལ་ཕྱོགས་གསར་པ་དང་བསྟུན་ཏེ་སྤྲོད་མཁོ་ཕྱོགས་གཉིས་ནས་ཤུགས་རྒྱག་དགོས་ཞེས་ནན་བཤད་བྱས་པ་རེད།
        ཚོགས་འདུའི་ཐོག་རིག་དངོས་སྲུང་སྐྱོང་དང་། བེད་སྤྱོད། སྒྱུར་བཅོས་བཅས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་དེ་རང་རྒྱལ་གྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་པ་རེད།
        ཚོགས་འདུའི་ཐོག་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་ཀྱི་ཕྱོགས་གསུམ་པའི་ལས་རྗེས་གདེང་འཇོག་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་མིག་སྔར་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་རིང་ལྷག་པའི་གནད་དོན་ལ་དམིགས་ཏེ་ཕྱོགས་གསུམ་གྱི་སྒྲིག་གཞི་ཞབས་ཞུ་ཉོ་སྒྲུབ་ཀྱི་བྱ་སྤྱོད་ལ་གདེང་འཇོག་བྱེད་པར་གདན་འདྲེན་ཧུར་ཐག་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།
        ཚོགས་འདུའི་ཐོག་བསྡོམས་རྩིས་རྫུན་བཟོ་དང་མི་བདེན་རྫུན་སྒྲིག་རིགས་ལ་དོགས་ཟོན་དང་ཆད་གཅོད་ཀྱི་ལྟ་ཞིབ་ལས་དོན་སྤེལ་བའི་དམིགས་ཡུལ་ནི་བསྡོམས་རྩིས་ཀྱི་གྲངས་གཞི་འཁྲུལ་མེད་དང་ཡང་དག་ཡོང་བའི་འགན་ལེན་བྱེད་པའི་ཆེད་དུ་རེད་ཅེས་བསྟན་པ་རེད།
        ཚོགས་འདུའི་ཐོག་ཀྲེ་ཅང་སོགས་ས་གནས་ཀྱི“མང་ཤོས་ལའང་ཐེངས་གཅིག་སྐྱོད་པ”ལ་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་དེ་ཀྲུང་དབྱང་རིམ་ངོས་ཀྱི་ལམ་ལུགས་དང་སྲིད་ཇུས་ཇུས་འགོད་དང་འབྲེལ་བ་ཡོད་ཅེས་ནན་བཤད་བྱས་པ་རེད།
        ཚོགས་འདུའི་ཐོག་རྫོང་མན་གྱི་བྱ་གཞག་ཚན་པའི་དོ་དམ་ལས་གནས་ཀྱི་ལས་བྱེད་པའི་རིམ་པ་སྤོར་བའི་ལམ་ལུགས་ཀྱི་ཚོད་ལྟའི་ལས་དོན་སྤེལ་རྒྱུའི་ཐད་ཏང་གིས་ལས་བྱེད་པར་དོ་དམ་དང་ཏང་གིས་ཤེས་ལྡན་པར་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཞེས་བསྟན་པ་རེད།
        ཚོགས་འདུའི་ཐོག་རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་གཙོ་གནད་ཁྱབ་ཁོངས་དང་གསར་དར་ཁྱབ་ཁོངས་ལ་དམིགས་ཏེ་སྲིད་གཞུང་དང་ཁྲོམ་རའི་དབར་དང་ཀྲུང་དབྱང་དང་ས་གནས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་་རེད།
        ཚོགས་འདུའི་ཐོག་པེ་ཅིང་དང་ཀོང་ཀྲོའུ་རུ་དྲ་སྦྲེལ་ཁྲིམས་ཁང་སྣོན་འཛུགས་བྱ་རྒྱུ་ནི་དྲ་སྦྲེལ་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་རང་འགུལ་ངང་བསྟུན་པའི་ཁྲིམས་འཛིན་གྱི་བྱ་སྤྱོད་གལ་ཆེན་ཞིག་རེད་ཅེས་བསྟན་པ་རེད།
         ཚོགས་འདུའི་ཐོག་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཐིང་འཛུགས་རྒྱུའི་ཐད་བཅའ་ཁྲིམས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། གྱོད་སྒྲུབ་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ། ཆེད་ལས་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཕྱོགས་སྟོན་དུ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།