མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཁུ་ཝེ་ཐེའི་རྒྱལ་པོ་སཱ་པཱ་ཧོ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་11ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཁུ་ཝེ་ཐེའི་རྒྱལ་པོ་སཱ་པཱ་ཧོ་དང་གྲོས་མོལ་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་9ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཁུ་ཝེ་ཐེའི་རྒྱལ་པོ་སཱ་པཱ་ཧོ་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་ཁུ་ཝེ་ཐེའི་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་དུས་སྐབས་གསར་པར་ཀྲུང་གོ་དང་ཁུ་ཝེ་ཐེའི་འབྲེལ་བར་སྒུལ་ཤུགས་གསར་པ་སྣོན་རྒྱུ་དང་མདུན་ལྗོངས་གསར་པ་གཏོད་རྒྱུའི་ཐུགས་ཐག་བཅད་པ་རེད།
        ཞི་ཅིན་ཕིང་གིས་སཱ་པཱ་ཧོ་ཀྲུང་གོར་འཚམས་འདྲི་ཐེངས་བདུན་པ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ་སཱ་པཱ་ཧོས་ཀྲུང་གོ་དང་ཁུ་ཝེ་ཐེའི་འབྲེལ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་བར་བསྔགས་བརྗོད་ཀྱང་གནང་བ་རེད།
        ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཁུ་ཝེ་ཐེའི་ནི་དཀའ་སྡུག་ཁྲོད་ཟོལ་མེད་ཀྱི་བརྩེ་སེམས་བཅངས་མཁན་གྱི་གྲོགས་པོ་ཡག་པོ་ཞིག་རེད། རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་47སོང་ཚུན། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་མཛའ་གྲོགས་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་ནས་དངོས་སྒྲུབ་མཉམ་ལས་ཀྱི་གཏིང་ཚད་དང་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་བསྐྲུན་ཡོད། དེང་སྐབས་འཛམ་གླིང་འདི་ཉིད་འཕོ་འགྱུར་ལེགས་སྒྲིག་གི་འགག་རྩའི་དུས་སྐབས་སུ་གནས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་དགོས་ལུགས་བཏོན་པ་དེ་ནི་མཉམ་ལས་ཀྱི་ཐོག་ནས་ཐུན་མོང་གི་ཁེ་ཕན་ཟབ་ཏུ་གཏོང་བ་དང་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་མཉམ་ལས་གཉིས་ཁེ་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུ་དེ་ཡིན་ཞེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཁུ་ཝེ་ཐེ་འདི་ཉིད་མཚོ་ཁུག་རྒྱུད་དུ་མཉམ་དུ“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུ་དང་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་མཉམ་ལས་ཀྱི་རོགས་ཟླ་གལ་ཆེན་ཞིག་ལ་བརྩི་གི་ཡོད། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཟབ་ཏུ་བཏང་ནས་ཕན་ཚུན་དབར་གྱི་སྲོག་ཤིང་ཁེ་ཕན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་ཁུ་ཝེ་ཐེས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཁུ་ཝེ་ཐེ་ནི་ཀྲུང་གོ་དང་ཐུན་མོང་ཐོག“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུའི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་མཁན་གྱི་རྒྱལ་ཁབ་སྔ་ཤོས་ཀྱི་གྲས་ཤིག་རེད། ཕྱོགས་གཉིས་པོས་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་མཉམ་ལས་རྣམ་གྲངས་ལ་སྔ་ཙམ་གྲུབ་འབྲས་ཐོབ་རྒྱུའི་བརྩོན་ལེན་བྱེད་དགོས། ནུས་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད། དངུལ་རྩ། ཚོང་དོན། མ་འཇོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཟབ་ཏུ་གཏོང་བ་དང་།
        བདེ་འཇགས་དང་འཇིགས་རྒོལ་གྱི་མཉམ་ལས་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁུ་ཝེ་ཐེ་ཕྱོགས་དང་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་འབྲེལ་བའི་གོམ་སྟབས་བརྟན་པོའི་སྒོ་ནས་མདུན་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་སྟེ་ཐུན་མོང་ཐོག་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
         སཱ་པཱ་ཧོས་ཀྲུང་གོ་ནི་འཛམ་གླིང་ཐོག་ཀུན་གྱིས་ཁས་ལེན་པའི་ཞི་བདེར་དགའ་ཞེན་བྱེད་མཁན་གྱི་རྒྱལ་ཁབ་རེད། ཁུ་ཝེ་ཐེས་རླབས་ཆེན་ཀྲུང་གོའི་སྲོལ་རྒྱུན་མཛའ་གྲོགས་དང་མཉམ་ལས་དམ་ཟབ་ཀྱི་འབྲེལ་བར་གཙིགས་ཆེན་བྱེད་ཀྱི་ཡོད་ལ་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྲུང་གོས་དྲང་གཞག་དྲང་བདེན་གནང་བར་ཚད་མཐོའི་གདེང་འཇོག་བྱེད་པ་མ་ཟད། ཀྲུང་གོ་འདི་ཉིད་བློས་འགེལ་ཆོག་པའི་གྲོགས་པོ་དང་རོགས་ཟླར་བརྩི་གི་ཡོད། ཁུ་ཝེ་ཐེ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད། ངས་ད་ཐེངས་ཀྱི་འཚམས་འདྲིར་སྔར་བྱུང་མྱོང་མེད་པའི་འཐུས་མི་ཚོགས་པ་ཆེན་པོ་ཞིག་འཁྲིད་ཡོད། ཁུ་ཝེ་ཐེ་ཕྱོགས་ཀྱིས་ཀྲུང་གོ་དང་ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞིའི་ཐོག་དངོས་སྒྲུབ་སྙིང་སྟོབས་ཀྱི་ཐོག་ནས་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་འབྲེལ་བར་ཤུགས་སྣོན་རྒྱག་པ་དང་། ཐུན་མོང་ཐོག“རྒྱུད་གཅིག་ལམ་གཅིག”བསྐྲུན་ནས་མཚོ་ཁུག་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད་པ་རེད།
         གྲོས་མོལ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་དཔང་པོ་གནང་བ་རེད། ད་དུང་ཕྱོགས་གཉིས་པོས་《འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁུ་ཝེ་ཐེ་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས་》སྤེལ་བ་རེད།
        གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་སཱ་པཱ་ཧོར་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་ཤིང་། དབྱང་ཅེ་ཁྲེ་དང་། ཚའོ་ཅན་མིང་། ཝང་དབྱི། ཀུའུ་ཧྲེང་ཙུའུ་སོགས་ཞུགས་ཡོད་པ་རེད།