མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་
སྐབས་བརྒྱད་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་
ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་12ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་
སྐབས་བརྒྱད་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་
ཡང་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་10ཉིན་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བརྒྱད་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་《མཉམ་དུ་ལག་གདང་སྦྲེལ་ནས་དུས་རབས་གསར་པའི་ཀྲུང་གོ་དང་ཨ་རབ་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་དགོས་》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད། འདི་ནི་འགོ་ཚུགས་མཛད་སྒོ་མ་འཚོག་གོང་ཞི་ཅིན་ཕིང་གིས་ཁུ་ཝེ་ཐེའི་རྒྱལ་པོ་སཱ་པཱ་ཧོ་དང་དེ་བཞིན་ཚོགས་འདུར་ཞུགས་མཁན་རྒྱལ་ཁབ་ཁག་གི་འཐུས་མི་ཚོགས་པའི་ཚོགས་གཙོ་དང་མཉམ་དུ་སྐུ་པར་བསྐྱོན་བཞིན་པ།
         ཟླ་7ཚེས་10ཉིན། མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བརྒྱད་པ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་《མཉམ་དུ་ལག་གདང་སྦྲེལ་ནས་དུས་རབས་གསར་པའི་ཀྲུང་གོ་དང་ཨ་རབ་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་དགོས་》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་དང་འབྲེལ་ཀྲུང་གོ་དང་ཨ་རབ་ཕྱོགས་གཉིས་པོས་མོས་མཐུན་བྱས་པ་བརྒྱུད། ཕྱོགས་ཡོངས་མཉམ་ལས་དང་། ཐུན་མོང་འཕེལ་རྒྱས། འབྱུང་འགྱུར་ལ་ཕྱོགས་པ་བཅས་ཀྱི་ཀྲུང་གོ་དང་ཨ་རབ་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།
         སྔ་དྲོའི་ཆུ་ཚོད་བཅུ་པར་ཚོགས་འདུ་དངོས་སུ་འགོ་ཚུགས་ཤིང་། སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་སྟེགས་བུའི་ཐོག་ཕེབས་ནས་གསུང་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་རབ་དབར་གྱི་མཛའ་གྲོགས་འབྲེལ་བ་ཆུ་མོའི་རྒྱུན་ལྟར་རིང་། ཕྱོགས་གཉིས་པོས་གནའ་བོའི་དར་གོས་ལམ་བུའི་ཚོང་ལམ་ཐོག་མུ་མཐུད་བསྐྱོད་ནས་ཚོང་ལས་སྤེལ་རེས་བྱས་ཏེ་མི་རིགས་ཀྱི་རང་བཙན་བརྩོན་ལེན་དང་མི་དམངས་བཅིངས་འགྲོལ་གྱི་འཐབ་རྩོད་ཁྲོད་དཔུང་པ་མཉམ་གཤིབ་ཀྱིས་འབད་འཐབ་དང་དཀའ་སྡུག་མཉམ་མྱོང་དང་། རང་ཉིད་རྒྱལ་ཁབ་ཀྱི་བྱ་གཞག་འཛུགས་སྐྲུན་ཁྲོད་ཕན་ཚུན་རྒྱབ་སྐྱོར་དང་གཉིས་ཁེ་མཉམ་ལས་བྱས་ཏེ་མཉམ་ལས་གཉིས་ཕན་གྱི་འོད་སྟོང་འཕྲོ་བའི་ལེའུ་བརྩམས་ཡོད། ལོ་རྒྱུས་དང་ལག་ལེན་དངོས་ཀྱི་ཐོག་ནས་རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་གང་བྱུང་བ་དང་དཀའ་ཚེགས་དང་ཉེན་ཁ་གང་ཞིག་འཕྲད་ཀྱང་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་གཉིས་ནི་གཉིས་ཕན་གཉིས་ཁེའི་རོགས་ཟླ་ཡག་པོ་དང་དཀའ་སྡུག་མཉམ་མྱོང་བྱེད་མཁན་གྱི་སྤུན་ཟླ་ཡག་པོ་ཞིག་ཡིན་པ་ར་སྤྲོད་ཐུབ་ཡོད།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་པར་ཨ་རབ་རྒྱལ་ཁབ་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་རྒྱ་ཁྱབ་ཐོབ་པ་དང་འབྲེལ་དེའི་ནང་ཧུར་ཐག་ཞུགས་ཡོད། ལོ་རྒྱུས་ཐོག་དར་གོས་ལམ་བུའི་ཤེས་དཔལ་ནང་ཞུགས་མཁན་དང་གསར་གཏོད་མཁན་གལ་ཆེན་ཡིན་པའི་ཨ་རབ་རྒྱལ་ཁབ་དེ“རྒྱུད་གཅིག་ལམ་གཅིག”གི་འབྲེལ་མཚམས་ཁུལ་དུ་གནས་ཡོད་ལ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་རོགས་ཟླ་ཞིག་ཀྱང་རེད། ཕྱོགས་གཉིས་པོས་མཉམ་དུ་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ“རྒྱུད་གཅིག་ལམ་གཅིག”དང་ས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་དང་། མཉམ་སྡེབ་ཀྱི་བྱ་སྤྱོད་དང་ཕྱོགས་གཉིས་ཀྱི་མཉམ་ལས་དང་ཟུང་འབྲེལ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་ཞི་བདེ་སྲུང་སྐྱོང་བྱ་རྒྱུ་ཟུང་འབྲེལ་བཅས་བྱས་ཏེ་ལེགས་ཆ་གསབ་རེས་དང་མཉམ་ལས་གཉིས་ཁེའི་ཐོག་ནས་ས་ཁུལ་གྱི་མི་དམངས་དང་འཛམ་གླིང་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས། “རྒྱུད་གཅིག་ལམ་གཅིག”བསྐྲུན་པ་དེས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྣེ་ཁྲིད་ཐུབ་སྟེ། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་མང་མཉམ་ལས་དུས་མཚམས་གསར་པར་བསྐྱོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་དང་མཉམ་དུ་འཐབ་ཇུས་དང་བྱ་སྤྱོད་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་དུ་ལག་གདང་སྦྲེལ་ནས“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུར་སྐུལ་འདེད་བཏང་ནས་ཐུན་མོང་ཐོག་དབུས་ཤར་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་མཁན་དང་། གཞུང་དྲང་དྲང་བདེན་སྲུང་སྐྱོང་མཁན། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་མཁན་གྱི་གྲོགས་པོ་ཡག་པོ་བཅས་བྱེད་དགོས།
         གཅིག འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་གཏོང་དགོས། སྐད་ཆ་ཤོད་རེས་དང་གྲོས་མོལ་མཐའ་འཁྱོངས་དང་།
         བདག་དབང་གི་རྩ་དོན་བརྟན་སྲུང་། བསྟུན་མཁས་རང་བཞིན་གྱི་ཞི་བས་མཐུན་འགྲིག་སྲོལ་གཏོད་བཅས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་དགོས། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས“ཐོན་ལས་དར་རྒྱས་ལ་བརྟེན་ནས་དཔལ་འབྱོར་བསྐྱར་བསྐྲུན་ལ་སྣེ་ཁྲིད་བྱེད་པའི་ཆེད་དོན་འཆར་གཞི”བཟོས་ཏེ་འབྲེལ་ཡོད་ཨ་རབ་རྒྱལ་ཁབ་ལ་མི་ཆོས་རིང་ལུགས་ཀྱི་རོགས་རམ་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།
         གཉིས། བསྐྱར་དར་གྱི་ཕུགས་འདུན་མངོན་འགྱུར་བྱེད་དགོས། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཕྱོགས་གཉིས་པོས་ཕན་ཚུན་དབར་གྱི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བྱས་ཏེ་མི་རིགས་བསྐྱར་དར་གྱི་ཕུགས་འདུན་ཆེན་པོ་གཉིས་ཟུང་འབྲེལ་དམ་ཟབ་བྱེད་དགོས། ཕན་ཚུན་འབྲེལ་མཐུད་ཀྱི“སྣེ་འདྲེན”དམ་འཛིན་ནན་པོ་བྱས་ཏེ་སྣུམ་རླངས་མཉམ་ལས་དང་ཐཱན་ཉུང་ནུས་རྒྱུ་མཉམ་ལས་གཉིས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་དངུལ་རྩ་མཉམ་ལས་དང་མཐོ་གསར་ལག་རྩལ་མཉམ་ལས་མངོན་འགྱུར་ཡོང་བ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས“ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དངུལ་ཁང་མཉམ་འབྲེལ་འདུས་གྲུབ”འཛུགས་རྒྱུ་ཡིན།
         གསུམ། གཉིས་ཁེ་གཉིས་ཕན་མངོན་འགྱུར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་དང་། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་རྩ་བའི་རྒྱལ་ཇུས་མཐའ་འཁྱོངས། རྒྱལ་སྒོ་ཕྱེ་ནས་འཛུགས་སྐྲུན་བྱ་རྒྱུ་མཐའ་འཁྱོངས་བཅས་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་རྒྱལ་ཁབ་འདི་ལོའི་ཟླ་བ་བཅུ་གཅིག་པར་ཧྲང་ཧའེ་རུ་འཚོག་རྒྱུའི་སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་སྟོན་ཚོགས་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།
        བཞི། བསྟུན་མཁས་དང་མིག་དཔེ་བལྟ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་ཨ་རབ་ཀྱི་སྒྱུར་བཅོས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་རྒྱ་སྟོབས་ཆེ་རུ་བཏང་ནས་ཕྱོགས་གཉིས་པོར་དེ་བས་མང་བའི་རིག་ནུས་རྒྱབ་སྐྱོར་མཁོ་འདོན་བྱེད་དགོས། ཞི་བདེར་གཙིགས་ཆེན་དང་། ཞི་མཐུན་གོང་བཀུར། ཤེས་ཡོན་ཡང་དག་པ་དོན་གཉེར་བཅས་ཀྱི་འདུ་ཤེས་བརྒྱུད་བསྒྲགས་བྱེད་པ་དང་གླེང་མོལ་བྱས་ཏེ་དོགས་གཞི་སེལ་བ་དང་བསྟུན་མཁས་ཐོག་ནས་འགལ་ཟླ་སེལ་ཏེ་མཉམ་དུ་དྲ་རྒྱའི་ཤེས་དཔལ་བསྐྲུན་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་རབ་མི་དམངས་དབར་གྱི་བརྩེ་སེམས་ཟབ་མོ་དང་གཅིག་སེམས་གཅིག་སྦྲེལ་གྱི་བྱེད་ཐབས་གསར་པ་རབ་དང་རིམ་པར་སྐུལ་འདེད་གཏོང་རྒྱུ་དང་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་གསར་འགྱུར་སྤེལ་རེས་ལྟེ་གནས་དངོས་སུ་འཛུགས་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།
         ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ནི་རྒྱལ་སྤྱིའི་གར་སྟེགས་ཐོག་གི་ཆབ་སྲིད་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། ང་ཚོས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་དང་ལྷག་བསམ་རྣམ་དག་གིས་མི་དམངས་ཀྱི་འབོད་སྒྲ་དང་དུ་བླངས་ཏེ་མཉམ་དུ་དབུས་ཤར་ས་ཁུལ་འདི་ཉིད་ཕྱོགས་ཡོངས་དར་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས། དབུས་ཤར་གྱི་སྣེ་མང་རང་བཞིན་དེ་ས་ཁུལ་གྱི་གསོན་ཤུགས་འབྱུང་རྩར་འགྱུར་བ་བྱེད་དགོས། རྒྱལ་ཁབ་ཚང་མའི་རྒྱལ་བབ་ཀྱི་ཁྱད་པར་དང་རང་བརྟེན་གདམ་གར་བརྩི་འཇོག་བྱས་ཏེ་འདྲ་མཉམ་གྱི་ལྟ་སྟངས་མཐའ་འཁྱོངས་དང་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱས་ནས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་སྒྲོམ་གཞི་བསྐྲུན་དགོས།
         མཇུག་ཏུ་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱིས་གླེང་མོལ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་ནུས་པ་གལ་ཆེན་འདོན་རྒྱུར་མདུན་ལམ་ཆེན་པོ་ལྡན་ཡོད། དུས་རབས་གསར་པའི་ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བའི་འཕེལ་རྒྱས་དང་འཚམ་པ་བྱེད་པ་དང་གླེང་སྟེགས་བསྐྲུན་རྒྱུར་རྣམ་པ་གསར་པ་དང་བྱ་སྤྱོད་གསར་པ་ཡོད་དགོས། སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་གཉིས་པོའི་བསམ་བློའི་ཐད་མཐུན་ཆ་དེ་བས་མང་པོ་ལྡན་པ་བྱེད་དགོས། ང་ཚོས་དར་གོས་ལམ་བུའི་སྙིང་སྟོབས་དར་སྤེལ་བཏང་ནས་གོམ་སྟབས་བརྟན་པོས་དམིགས་ཚད་ཀྱི་ཕྱོགས་སུ་མདུན་སྐྱོད་བྱས་ཏེ་ཀྲུང་གོ་དང་ཨ་རབ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཆེན་པོ་གཉིས་མངོན་འགྱུར་དང་ཀྲུང་གོ་དང་ཨ་རབ་ཀྱི་ཁེ་ཕན་དང་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཁུ་ཝེ་ཐེའི་རྒྱལ་པོ་སཱ་པཱ་ཧོ་དང་། ཚོགས་འདུའི་ཨ་རབ་ཕྱོགས་ཀྱི་ཀྲུའུ་ཞི་སོ་རི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཀྲུའུ་པེར། ཨ་རབ་རྒྱལ་ཁབ་ཀྱི་མནའ་འབྲེལ་དྲུང་ཆེ་ཀེ་ཐེ་བཅས་ཁག་སོ་སོས་ཤིས་ཚིག་གསུངས་པ་རེད། ཁོང་ཚོས་ཨ་རབ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་གྲོགས་ལ་ཚད་མཐོའི་གདེང་འཇོག་བྱས་ནས་ཨ་རབ་དང་ཀྲུང་གོའི་མཉམ་ལས་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། ཨ་རབ་རྒྱལ་ཁབ་མཉམ་དུ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཞུགས་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བཏོད་པར་མོས་མཐུན་ཡོད་ལ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུའི་དགོངས་ཚུལ་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ཨ་རབ་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་ལས་དོན་ནང་ཀྲུང་གོ་ཕྱོགས་ཀྱིས་《མཉམ་འབྲེལ་རྒྱལ་ཚོགས་རྩ་ཁྲིམས་》ཀྱི་དམིགས་ཡུལ་དང་རྩ་དོན་མཐའ་འཁྱོངས་བྱས་ཏེ་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་བཏོན་པར་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་དང་ཀྲུང་གོ་འདི་ཉིད་བློས་འགེལ་ཆོག་པའི་རོགས་ཟླར་བརྩི་གི་ཡོད། དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་འགྲན་སློང་དྲག་པོ་འཕྲད་པའི་དུས་བབ་འོག་ཨ་རབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་མཐུད་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་གྲ་རྒྱས་ལ་སྐུལ་འདེད་བཏང་ནས་མཉམ་དུ་ལག་གདང་སྦྲེལ་ཏེ་དུས་རབས་གསར་པའི་ཨ་རབ་དང་ཀྲུང་གོའི་འཐབ་ཇུས་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

༄༅།།ཞི་ཅིན་ཕིང་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་
སྐབས་བརྒྱད་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་
ཡང་གནང་བ།