མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁོ་དང་ཡོ་རོབ་མནའ་
འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་རུང་ཁེ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་18ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁོ་དང་ཡོ་རོབ་མནའ་
འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་རུང་ཁེ་དང་མཇལ་འཛོམས་གནང་བ།

        མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་16ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་མི་སྣའི་ཞལ་འཛོམས་ཐེངས་ཉི་ཤུ་པར་ཕེབས་པའི་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁོ་དང་། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རུང་ཁེ་དང་མཇལ་འཛོམས་གནང་བ་རེད།
        ཞི་ཅིན་ཕིང་གིས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཡོ་རོབ་མནའ་འབྲེལ་འདི་ཉིད་རྒྱལ་སྤྱིའི་གནས་བབ་བརྟན་ལྷིང་འཕེལ་རྒྱས་ཡོང་རྒྱུར་ཕན་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་བརྩི་གི་ཡོད། ཕྱོགས་གཉིས་པོས་ཀྲུང་གོ་དང་ཡོ་རོབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱས་ནས་ཞི་བདེ་དང་། འཕར་སྣོན། སྒྱུར་བཅོས། ཤེས་དཔལ་བཅས་རོགས་ཟླའི་འབྲེལ་བ་ཆེན་པོ་བཞི་གཏོད་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་ཡོ་རོབ་ཀྱི་ཁྱབ་ཁོངས་ཁག་གི་གླེང་མོལ་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཆབ་སྲིད་ཐད་གླེང་མོལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ། ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱེད་པ་བཅས་བྱེད་དགོས་པ་དང་། ལྷག་དོན་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་བབ་དང་ནུས་པ་སྲུང་སྐྱོང་དང་དེར་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་དང་ཡོ་རོབ་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་གྱིས་ཕྱོགས་གཉིས་ཕན་ཚུན་མ་འཇོག་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། གསར་གཏོད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། “རྒྱུད་གཅིག་ལམ་གཅིག”སྒྲོམ་གཞིའི་འོག་གི་མཉམ་ལས་བྱེད་ཟབ་ཏུ་གཏོང་བ་བཅས་བྱས་ནས་སྤྱོད་གོ་ཆོད་ཅིང་ནུས་པ་ཆེ་བའི་ཕྱོགས་གསུམ་པོའི་མཉམ་ལས་བྱ་ཐབས་འཚོལ་ཞིབ་བྱེད་དགོས། ཀྲུང་གོ་དང་ཡོ་རོབ་ཀྱི་ཤེས་དཔལ་གླེང་མོལ་གྱི་ཁྱབ་ཁོངས་གསར་པ་དང་དཔེ་དབྱིབས་གསར་པ་འཚོལ་ཞིབ་བྱས་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཁྱབ་ཁོངས་སུ་སྤེལ་རེས་དང་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་འཚོལ་ཞིབ་བྱེད་དགོས། ཕན་ཚུན་ཤེས་རྟོགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།
         སྤེལ་རེས་དང་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་བརྩི་འཇོག་བཅས་བྱས་ནས། ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ཀྲུང་གོ་དང་ཡོ་རོབ་གཉིས་དེང་དུས་འཛམ་གླིང་གི་ཁྲོམ་ར་ཆེན་པོ་གཉིས་དང་། ཤེས་རིག་ཆེན་པོ་གཉིས་ཡིན་པའི་ཆ་ནས། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་ཡུན་རིང་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། འདྲ་མཉམ་ངང་ལྟ་སྟངས་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། མཉམ་ལས་གཉིས་ཁེ་ཡོང་བ་བཅས་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་བརྟན་ལྷིང་རང་བཞིན་དང་དྲང་ནུས་དེ་བས་མང་བ་སྣོན་དགོས་པའི་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་གོར་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ་ཞིག་ཡིན་པས། ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པའི་ལོ་འདིར་ཀྲུང་གོ་ཕྱོགས་ཀྱིས་རེས་སྐོར་གསར་པའི་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་ནས་སྒྱུར་བཅོས་ཀྱི་བྱ་ཐབས་རབ་དང་རིམ་པ་ཁྱབ་བསྒྲགས་དང་ལག་བསྟར་བྱས་ཡོད་ལ། ད་དུང་འབྱུང་འགྱུར་ཀྲུང་གོ་མི་དམངས་དང་འཛམ་གླིང་ལ་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་དབྱེ་རྒྱ་ཆེ་རུ་གཏོང་བའི་གྲུབ་འབྲས་ཤོག་བྱང་དེ་བས་ལེགས་པ་འབུལ་རྒྱུ་ཡིན། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གཉིས་ཀ་འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་ཆེ་ཤོས་དང་ཉོ་ཚོང་སྒྲིག་གཞི་ཆེ་ཤོས་ཀྱི་གྲས་སུ་གནས་ཡོད་ལ། ཚང་མ་ཕྱོགས་མང་ཉོ་ཚོང་སྒྲིག་གཞིའི་ཕན་པ་ཐོབ་མཁན་དང་སྲུང་སྐྱོང་མཁན་རེད། ཕྱོགས་གཉིས་པོས་འཛམ་གླིང་སྣ་མང་ཅན་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གི་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས་འཐབ་ཇུས་འབྲེལ་གཏུག་དང་རོགས་ལས་ལ་ཤུགས་སྣོན་རྒྱག་པ་དང་། ལག་གདང་སྦྲེལ་ནས་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱེད་པ། སྒྲིག་སྲོལ་དང་རང་མོས་ཉོ་ཚོང་གི་མ་ལག་ལ་གཞིགས་པ། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ། ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོ་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།