མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པ་དང་ཙུང་
ལི་གཅིག་ལྕོགས་མོ་ཧན་མོ་ཏེ་དང་། ཨབ་ཀྲ་པེའི་རྒྱལ་རྒྱུད་འཛིན་མཁན་མོ་ཧན་མོ་ཏེ་དང་
གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་22ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་20ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨབ་ཀྲ་པེར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པ་དང་ཙུང་ལི་གཅིག་ལྕོགས་མོ་ཧན་མོ་ཏེ་དང་། ཨབ་ཀྲ་པེའི་རྒྱལ་རྒྱུད་འཛིན་མཁན་མོ་ཧན་མོ་ཏེ་དང་གྲོས་མོལ་གནང་ཞིང་། ཕྱོགས་གཉིས་པོས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ལ་ཤུགས་སྣོན་བརྒྱབ་སྟེ་ཆུ་ཚད་དེ་བས་མཐོ་བ་དང་། ཁྱབ་ཁོངས་དེ་བས་ཆེ་བ། རིམ་པ་དེ་བས་མཐོ་བ་བཅས་སུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་རྒྱུན་ཆད་མེད་པར་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་གཏན་འཁེལ་མགྲིན་གཅིག་ཏུ་གནང་བ་རེད།
         དང་ཐོག་ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་ཀྱིས་སྤྲོ་སེམས་རབ་ཏུ་འཁོལ་བའི་སྣེ་ལེན་གཟབ་རྒྱས་ཞུས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་འདི་ལས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་ཀྱིས་ཀྲུང་གོ་མི་དམངས་ལ་མཛའ་གྲོགས་ཀྱི་བརྩེ་སེམས་བཅངས་པ་དང་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ལུགས་གང་ལེགས་མཚོན་ཡོད་ཅེས་གསུངས། ཞི་ཅིན་ཕིང་གིས་2015ལོའི་ཟླ་12པར་ང་དང་རྒྱལ་རྒྱུད་འཛིན་མཁན་མཆོག་པེ་ཅིང་དུ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་མང་པོ་བྱུང་ཡོད་ལ་ཕྱོགས་གཉིས་པོའི་འབྲེལ་བ་ཕྱོགས་ཡོངས་དང་། མགྱོགས་མྱུར། གཏིང་ཟབ་བཅས་ཀྱི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་རྒྱུར་ཐུན་མོང་ཐོག་སྣེ་ཁྲིད་བྱས་ཡོད། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་དང་གཏིང་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད། ད་ཐེངས་འཚམས་འདྲི་བྱེད་རིང་། ང་ཚོ་རྒྱལ་ཁབ་གཉིས་པོས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་དེ་ཕྱོགས་གཉིས་པོས་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཉིས་ཕན་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བར་ཕན་པ་ཡོད། ཀྲུང་ཨ་རྒྱལ་ཁབ་གཉིས་པོ་ཕན་ཚུན་སློབ་སྦྱོང་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། ཕན་ཚུན་རོགས་རམ་བཅས་བྱེད་པའི་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོར་གྱུར་ནས་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་ཡིད་ཆེས་ཡོད་ཅེས་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་ད་དུང་ཙུང་ཐུང་ཧ་ལི་ཧྥར་མཛའ་བརྩེའི་འཚམས་འདྲི་བྱེད་ལུགས་བརྒྱུད་ཞུ་གནང་རོགས་ཞུས་པ་དང་འབྲེལ་ཁོང་སྔ་ཙམ་སྙུན་གཞི་དྭངས་བའི་སྨོན་འདུན་ཞུས་པ་རེད།
         ཞི་ཅིན་ཕིང་གིས་ཕྱོགས་གཉིས་པོས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དོན་འཁྱོལ་བྱས་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་དུ་གཏོང་བ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་མུ་མཐུད་ལྟ་སྐྱོང་བྱས་ནས་ཕར་ཕྱོགས་ཀྱིས་རྒྱལ་ཁབ་དེ་གའི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་པར་རྒྱབ་སྐྱོར་བྱེད་དགོས། ཀྲུང་ཨ་རྒྱལ་ཁབ་གཉིས་པོ་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རང་གྲུབ་མཉམ་ལས་རོགས་ཟླ་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་རྟེན་སའི་རྒྱལ་ཁབ་གལ་ཆེན་ཞིག་ལ་བརྩི་གི་ཡོད་ལ་རྒྱལ་རྒྱུད་འཛིན་མཁན་མཆོག་གིས་བཏོན་པའི“དར་གོས་ལམ་བུ་བསྐྱར་སྤེལ”གྱི་བསམ་གཞིག་ལ་བསྔགས་བརྗོད་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་དང་ཐོན་ལས་སྲིད་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཨ་རྒྱལ་ཁབ་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ལྟེ་གནས་རྣམ་གྲངས་འཆར་འགོད་ཡག་པོ་དང་གཉེར་སྐྱོང་ཡག་པོ་བྱས་ནས་འཛམ་གླིང་དབུས་ཤར་མཚོ་ཁུག་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་དང་མཉམ་དུ་ཕྱོགས་མང་དང་ཕྱོགས་བསྡུས་ཅན་གྱི་ནུས་རྒྱུའི་མཉམ་ལས་བྱ་ཐབས་བཏོད་དེ་མ་འཇོག་དང་དངུལ་རྩའི་མཉམ་ལས་བྱེད་ཟབ་ཏུ་གཏོང་བ་དང་འབྲེལ་གསར་གཏོད་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་འདོད་ཡོད། བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྣམ་པ་སྣ་ཚོགས་ཀྱི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། དམངས་སེམས་གཅིག་མཐུན་མཐའ་འཁྱོངས་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཟབ་ཏུ་བཏང་ནས་ཆོས་ལུགས་མི་འདྲ་བ་དང་རིག་གནས་མི་འདྲ་བ་ཕན་ཚུན་བསྟུན་མཁས་དང་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་དགོས། རྒྱལ་རྒྱུད་འཛིན་མཁན་མཆོག་གིས་གྲོས་འགོ་བཏོན་པའི“གཞོན་ནུའི་ཕོ་ཉ”ཀྲུང་གོར་འཚམས་འདྲིར་སྐྱོད་པའི་རྣམ་གྲངས་ལག་ལེན་བསྟར་བར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། ཙུང་ཐུང་གཞོན་པ་དང་ཙུང་ལི་གཅིག་ལྕོགས་མཆོག་གིས་བཏོན་པའི“ཀྲུང་གོར་ཕྱོགས་པའི”འཆར་གཞིར་བསྔགས་བརྗོད་ཞུ་གི་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་དང་མཉམ་དུ་ཉམས་མྱོང་མཉམ་སྤྱོད་བྱས་ནས་ཏི་པེའི་འཛམ་གླིང་དངོས་མང་སྟོན་ཚོགས་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་རྒྱས་འཛོམས་ཤིག་ཏུ་གཉེར་ཐུབ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་མིག་སྔར་ཨེ་ཤེ་ཡ་ནུབ་མ་དང་ཨ་ཧྥེ་རི་ཁ་བྱང་མའི་ས་ཁུལ་གྱི་དམངས་ཚོགས་ཀྱིས་བརྟན་ལྷིང་ཡོང་རེ་བྱེད་པས་ཞི་བདེ་དོན་གཉེར་དང་། སྒྱུར་བཅོས་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ནི་ལྡོག་ཏུ་མེད་པའི་རླབས་རྒྱུན་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་དང་འཐབ་ཇུས་མཉམ་ལས་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་ལ་བརྟེན་ནས་ཞི་བདེར་སྐུལ་འདེད་གཏོང་བའི་འཛམ་གླིང་དབུས་ཤར་ས་ཁུལ་བཅོས་སྐྱོང་གི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱེད་པ། ཆབ་སྲིད་ཀྱི་ཐབས་ལམ་བརྒྱུད་གླེང་མང་བའི་གནད་དོན་ཐག་གཅོད་བྱེད་པ་བཅས་ཀྱིས་འཛམ་གླིང་དབུས་ཤར་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཞེས་མཛུབ་སྟོན་གནང་བ་རེད།
         ཙུང་ཐུང་གཞོན་པ་དང་ཙུང་ལི་གཅིག་ལྕོགས་མོ་ཧན་མོ་ཏེས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་ཡིན་ལ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་རང་ཁྱིམ་དུ་སླེབས་པ་ལྟ་བུའི་དགོངས་ཚོར་ཡོང་བའི་རེ་བ་ཡོད། ཀྲུང་གོའི་འཕེལ་རྒྱས་གཏོང་སྟངས་དང་སྤོབས་སེམས་སྐྱེ་འོས་པའི་གྲུབ་འབྲས་ལ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཡིད་སྨོན་བྱེད་ཀྱི་ཡོད། ཀྲུང་གོའི་སྒོ་དབྱེའི་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་བསྔགས་བརྗོད་བྱེད་པ་དང་། ཀྲུང་གོ་དང་ཁྱབ་རྒྱ་ཆེ་བའི་མཉམ་ལས་དམ་ཟབ་བྱས་ནས་ཀྲུང་གོའི་བློས་འགེལ་ཆོག་པའི་རོགས་ཟླ་ཞིག་བྱེད་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་འཚམས་འདྲི་གནང་བ་འདིས་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་རོགས་ཟླའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུའི་ཡིད་ཆེས་ཡོད། གནའ་བོའི་དར་གོས་ལམ་བུ་བརྒྱུད་ཨ་རབ་ཀྱི་རྒྱལ་ཁབ་ཁག་དང་ཀྲུང་གོའི་དབར་ལོ་རྒྱུས་ཡུན་རིང་ལྡན་པའི་སྲོལ་རྒྱུན་མཛའ་གྲོགས་ཀྱི་འབྲེལ་བ་རྒྱུན་འཁྱོངས་ཐུབ་ཡོད། ད་ཆ་ཀྲུང་གོས་འཛམ་གླིང་གི་སྣེ་ཁྲིད་དེ་དར་གོས་ལམ་བུ་བསྐྱར་གཏོད་ཀྱི“རྒྱུད་གཅིག་ལམ་གཅིག”གྲོས་འགོ་བཏོན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་རྒྱ་ཁྱབ་ཐོབ་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ལ་མུ་མཐུད་ཧུར་ཐག་ཞུགས་འདོད་ཡོད་ཅེས་གསུངས།
         ཨབ་ཀྲ་པེའི་རྒྱལ་རྒྱུད་འཛིན་མཁན་མོ་ཧན་མོ་ཏེས་2015ལོར་ང་རང་ཀྲུང་གོར་འཚམས་འདྲིར་བསྐྱོད་པ་ཡིད་ལ་གསལ་པོ་དྲན་གྱི་འདུག ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲིར་ཕེབས་པར་སྣེ་ལེན་ཞུ་ཐུབ་པར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་དགའ་ཚོར་ཆེན་པོ་སྐྱེས་བྱུང་། ཀྲུང་གོར་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ང་ཚོ་ཡིད་སྨོན་ཆེན་པོ་སྐྱེ་གི་འདུག་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གི་གཟིགས་རྒྱང་རིང་ལ་ལྟ་བ་ཟབ་པ་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་ལ་ཚད་མཐོའི་ཁས་ལེན་བྱེད་ཀྱི་ཡོད་པས། ཀྲུང་གོས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་བཏོད་ནས་འཛམ་གླིང་གི་ཞི་བདེ་དང་མིའི་རིགས་ཡར་ཐོན་ལ་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་ངེས་ཡིན་པའི་ཡིད་ཆེས་ཡོད། ཆབ་སྲིད་དང་། དཔལ་འབྱོར། དངུལ་རྩ། ཚན་རྩལ། ནུས་རྒྱུ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཀྱི་ཁྱབ་ཁོངས་ཆེན་པོར་ཨ་ཀྲུང་རྒྱལ་ཁབ་གཉིས་ལ་མཉམ་ལས་ཀྱི་གཏིང་ཤུགས་ཆེན་པོ་ལྡན་པས་ཕུ་ནུ་ལྟ་བུའི་ཀྲུང་གོའི་དབར་སྲོལ་རྒྱུན་དང་། འཐབ་ཇུས། མཛའ་མཐུན་བཅས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་བ་ནི་སྔ་བར་ཕྱི་གསུམ་དུ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་འབྲེལ་བའི་གལ་ཆེའི་ནང་གི་འགངས་ཆེ་ཞིག་ཡིན་ཞེས་གསུངས།
         གྲོས་མོལ་གནང་མཇུག་འགྲིལ་རྗེས། ཕྱོགས་གཉིས་པོས་《ཕྱོགས་ཡོངས་ནས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས་》སྤེལ་བ་རེད།
        རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་སོགས་ཀྱི་མཉམ་ལས་ཀྱི་ཡིག་ཆར་མིང་རྟགས་བཀོད་པར་ཐུན་མོང་ཐོག་དཔང་པོ་གནང་བ་རེད།
         རྒྱལ་རྒྱུད་འཛིན་མཁན་མོ་ཧན་མོ་ཏེས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཨ་རབ་མཉམ་འབྲེལ་མཚོ་དཔོན་རྒྱལ་ཁབ་ཀྱི་གཟི་བརྗིད་མཛད་རྗེས་གཟེངས་རྟགས་ཆེ་ཤོས་ཀྲ་ཡེ་ཏེ་མཛད་རྗེས་གཟེངས་རྟགས་གནང་བ་རེད།
         གཟེངས་རྟགས་སྤྲོད་པའི་མཛད་སྒོ་མཇུག་འགྲིལ་རྗེས། རྒྱལ་རྒྱུད་འཛིན་མཁན་མོ་ཧན་མོ་ཏེས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཨ་རབ་ཀྱི་རྟ་གཅིག་ཕུལ་བ་རེད། ཨ་རབ་ཀྱི་རྟ་ནི་འཛམ་གླིང་ཐོག་སྐད་གྲགས་ཆེ་ལ་རྩ་ཆེ་བའི་རྟའི་རིགས་ཤིག་ཡིན་པ་དང་། སྐུ་མགྲོན་ལ་ཨ་རབ་ཀྱི་རྟ་ཕུལ་བ་ནི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་པོ་ཚང་གིས་གུས་པར་འོས་པའི་སྐུ་མགྲོན་ལ་དམིགས་གསལ་བརྩི་མཐོང་དང་གུས་ལུགས་ཆེ་ཤོས་བྱས་པ་ཞིག་རེད།