མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སེ་ནེ་ཀལ་དུ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་23ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་སེ་ནེ་ཀལ་དུ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཏ་ཁར་དུ་ཕེབས་འབྱོར་ཟིན་ནས་སེ་ནེ་ཀལ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་རེད། 
         ཟླ་7པའི་སེ་ནེ་ཀལ་གྱི་རྒྱལ་ས་ཏ་ཁར་དུ་མེ་ཏོག་སྣ་ཚོགས་རབ་ཏུ་བཞད་པ་དང་ལྗོན་ཤིང་གི་ལོ་འདབ་སྔོ་ཐིང་ངེར་རྒྱས་ཡོད་ཅིང་། ས་གནས་དེ་གའི་དུས་ཚོད་ཕྱི་དྲོའི་ཆུ་ཚོད་3དང་སྐར་མ་25ཡི་ཙམ་ལ། ཀྲུའུ་ཞི་ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་གནམ་ཐང་དུ་འབྱོར་བ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་དལ་བུར་གནམ་གྲུ་ནས་འབབ་གནང་བ་རེད། དེའི་སྐབས་སེ་ནེ་ཀལ་གྱི་ཙུང་ཐུང་ས་ལེ་དང་སྐུ་ཟླ་མཱ་ལེ་མེ་དང་དེ་བཞིན་ཙུང་ལི་ཏི་ཨའོ་ན་སོགས་གནམ་གྲུའི་སྐས་འཛེག་འགྲམ་དུ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་རེད། སེ་ནེ་ཀལ་གྱི་གཞོན་ནུ་མས་ཕེང་ལི་ཡོན་ལ་མེ་ཏོག་ཕུལ་བ་རེད།
         ས་ལེས་གནམ་ཐང་དུ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་དགའ་བསུའི་མཛད་སྒོ་གཟབ་རྒྱས་གཉེར་བ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུར་ཕེབས་ཤིང་། དམག་མིའི་རོལ་ཆ་རུ་ཁག་གིས་ཀྲུང་སེ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་རེད། ས་ལེའི་ཕེབས་རོགས་འོག་ཞི་ཅིན་ཕིང་གིས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་རེད། གཟིགས་ཞིབ་གནང་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་སྐུ་ཟླས་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཕེབས་བསུར་བཅར་བའི་སེ་ནེ་ཀལ་གྱི་སྲིད་གཞུང་དང་། གྲོས་ཚོགས། སྲིད་ཏང་། དམག་དཔུང་བཅས་ཀྱི་མཐོ་རིམ་མི་སྣ་རེ་རེ་བཞིན་དང་ཕྱག་གཏོང་རེས་གནང་བ་རེད། དེ་དང་ཆབས་ཅིག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ས་ལེར་ཀྲུང་གོ་ཕྱོགས་ཀྱི་ཕེབས་རོགས་མི་སྣ་ངོ་སྤྲོད་གནང་བ་རེད།
         རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་སྐུ་ཟླས་ཕན་ཚུན་མཛའ་བརྩེའི་སྤེལ་རེས་གནང་བ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་སེ་ནེ་ཀལ་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་ཞུ་དང་སྨོན་འདུན་བཟང་པོ་ཞུས་ཤིང་། ཁོང་གིས་འདི་ནི་ངས་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་འཁུར་རྗེས་ཨ་ཧྥེ་རི་ཁའི་ས་ཆར་ཡོང་ཐེངས་བཞི་པ་དེ་ཡིན། སེ་ནེ་ཀལ་ནི་ང་རང་ད་ཐེངས་ཨ་ཧྥེ་རི་ཁར་སྐྱོད་སའི་ས་ཚིགས་དང་པོ་དེ་ཡིན་ལ་ངས་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་ཁུར་རྗེས་འཚམས་འདྲི་བྱེད་སའི་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དང་པོ་དེ་ཡང་ཡིན། ཀྲུང་གོ་དང་སེ་ནེ་ཀལ་ནི་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོ་ཞིག་རེད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་བྱུང་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཕྱོགས་གཉིས་པོའི་དབར་ཆབ་སྲིད་ཐད་འགྲོ་འོང་བྱེད་ཟབ་ཏུ་ཕྱིན་པ་དང་། ཕན་ཚུན་ཡིད་ཆེས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། གཉིས་ཕན་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་ཐུབ་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་སྣ་མང་ཕུན་སུམ་ཚོགས་སུ་ཕྱིན་པ། རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་བའི་ཁྲོད་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཟབ་ཏུ་ཕྱིན་པ་བཅས་བྱུང་ཡོད། 
         2016ལོར། ང་དང་ཙུང་ཐུང་ས་ལེའི་དབར་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུར་མོས་མཐུན་གཅིག་མཐུན་བྱུང་བ་དང་སྦྲགས་ཕྱོགས་གཉིས་པོའི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་མང་པོ་བྱུང་། ང་ཚོའི་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་བརྟན་པོའི་ངང་དོན་འཁྱོལ་ཡག་པོ་ཐུབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་ཏན་ཏིག་ཐོབ་པ་མཐོང་སྐབས་ང་རང་ཧ་ཅང་དགའ་པོ་བྱུང་། ཙུང་ཐུང་ས་ལེ་དང་མཉམ་དུ་ཕྱོགས་གཉིས་པོའི་འབྲེལ་བ་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་སྤེལ་རེས་གཏིང་ཟབ་བྱས་ཏེ་ཀྲུང་སེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་ངས་རེ་སྒུག་བྱེད་བཞིན་ཡོད་ཅེས་ནན་བཤད་གནང་བ་རེད།
         ས་ལེས་སེ་ནེ་ཀལ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཤིང་། ཁོང་གིས་ཀྲུའུ་ཞི་ཞི་ཅི་ཕིང་གིས་སེ་ནེ་ཀལ་འདི་ཉིད་ད་ཐེངས་ཨ་ཧྥེ་རི་ཁར་འཚམས་འདྲིར་ཕེབས་པའི་ས་ཚིགས་དང་པོ་དང་འཚམས་འདྲིར་ཕེབས་པའི་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཨང་དང་པོར་བརྩིས་གནང་ཡོད། དེ་ཐོག་ནས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་སེ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་གནང་ལུགས་མཚོན་ཡོད་པས་སེ་ནེ་ཀལ་གྱི་མི་དམངས་ལ་གཟི་བསོད་ལྡན་པའི་མྱོང་ཚོར་བྱུང་ཡོད། ད་ཐེངས་འཚམས་འདྲི་གནང་བ་བརྒྱུད་སེ་ཀྲུང་རྒྱལ་ཁབ་གཉིས་པོ་དང་། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་ངེས་རེད། ཀྲུང་གོའི་འཕེལ་རྒྱས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་གྲུབ་འབྲས་ཐོབ་ཡོད། སེ་ནེ་ཀལ་ཕྱོགས་ཀྱིས་མུ་མཐུད་ཀྲུང་གོའི་གྲུབ་འབྲས་ཐོན་པའི་ཉམས་མྱོང་དཔྱད་གཞིར་འཛིན་ནས་རྒྱལ་ཁབ་གཉིས་པོའི་དབར་མཉམ་ལས་བྱེད་ཟབ་ཏུ་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
         ཏིང་ཞུའེ་ཞང་དང་། དབྱང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥུང་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ནང་ཕེབས་འབྱོར་བྱུང་བ་རེད། སེ་ནེ་ཀལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གཞུང་ཚབ་ཆེ་མོ་བ་ཀྲང་ཤུན་གནམ་ཐང་དུ་ཕེབས་བསུར་བཅར་ཡོད་པ་རེད།
         ཏ་ཁར་དུ་མཛའ་མཐུན་དང་སྤྲོ་སེམས་འཁོལ་བའི་རྣམ་པས་ཁེངས་ཤིང་། གནམ་ཐང་ནས་གྲོང་ཁྱེར་ལྟེ་གནས་སུ་སྐྱོད་པའི་ལམ་གཡས་གཡོན་གཉིས་སུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་ཕྱག་གཏོང་རེས་གནང་བའི་སྐུ་པར་ཆེན་པོ་བཀལ་ཡོད་པ་རེད། ས་གནས་དེ་གའི་དམངས་ཚོགས་སྟོང་ཕྲག་ཁ་ཤས་ཀྱིས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་སྐུ་པར་གྱིས་བརྒྱན་པའི་སྟོད་གོས་དང་མི་རིགས་ཀྱི་གྱོན་ཆས་མཛེས་པོ་གྱོན་ནས་གཞོགས་གཉིས་སུ་ལངས་ཏེ་ཀྲུང་སེ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་གཡུག་བྱེད་པ་དང་། རྔ་རྡུང་རོལ་དཀྲོལ་དང་། སྤྲོ་སེམས་འཁོལ་པོས་དགའ་འབོད་བཅས་བྱས་ནས་ཀྲུང་གོའི་སྐུ་མགྲོན་ལ་དགའ་བསུ་ཞུས་པ་རེད།
         ཞི་ཅིན་ཕིང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་རྗེས་ཏ་ཁར་དུ་ཕེབས་འབྱོར་ཟིན་ཞིང་། ཨབ་ཀྲ་པེ་ནས་ཞལ་གྱེས་སྐབས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨབ་ཀྲ་པེའི་རྒྱལ་རྒྱུད་འཛིན་མཁན་མུའུ་ཧན་མུའུ་ཏེས་ནང་བློན་པུའུ་ཀྲང་དང་རྒྱལ་པོ་ཚང་གི་ཁོངས་མི་གཙོ་བོའི་སྣེ་ཁྲིད་དེ་ཆེད་མངགས་གནམ་ཐང་དུ་ཕེབས་སྐྱེལ་ཞུ་བར་བཅར་ཡོད་པ་རེད།
         ཀྲུའུ་ཞི་ཞི་ཅིན་ཕིང་དང་མུའུ་ཧན་མུའུ་ཏེས་མཛའ་བརྩེའི་བཀའ་མོལ་གནང་བཞིན་ཞལ་གྱེས་ཞུས་པ་རེད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་སྤྲོ་སེམས་འཁོལ་ལ་ཚགས་ཚུད་ཀྱི་སྣེ་ལེན་ཞུས་པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ང་རང་ད་ཐེངས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་འཚམས་འདྲི་ཐུགས་གྲ་ལེགས་འགྲིག་བྱུང་ནས་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་ཡོད་ལ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་ཀྱང་ཟབ་ཏུ་ཕྱིན་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུའི་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་མཉམ་དུ་དངོས་སྒྲུབ་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་རིང་གཡུར་ཟའི་གྲུབ་འབྲས་ཐོབ་པར་མུའུ་ཧན་མུའུ་ཏེས་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཁོང་གིས་ད་ཐེངས་འཚམས་འདྲིར་ཕེབས་པ་དེས་རྒྱལ་ཁབ་གཉིས་པོའི་གཉིས་ཕན་མཉམ་ལས་ལ་སྔར་བས་སྐུལ་འདེད་ཐེབས་རྒྱུ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་མཛད་འཕྲིན་ཐམས་ཅད་ལམ་ལྷོངས་དང་ཀྲུང་གོ་རྒྱུན་ཆད་མེད་པར་དར་རྒྱས་ཡར་ཐོན་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕེབས་སྐྱེལ་ཞུ་མཁན་དང་ཕྱག་བཏང་ནས་ཞལ་གྱེས་ཞུས་པ་དང་། མུའུ་ཧན་མུའུ་ཏེས་ཀྲུང་གོའི་ཕེབས་རོགས་མི་སྣར་མཛའ་བརྩེའི་ངང་བཀའ་མོལ་གནང་བཞིན་ཞལ་གྱེས་ཞུས་པ་རེད།
         སེ་ནེ་ཀལ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་རྒྱལ་དོན་འཚམས་འདྲི་གནང་ཡུལ་གྱི་ས་ཚིགས་གཉིས་པ་དེ་རེད། ད་དུང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རུ་ཝང་ཏ་དང་ལྷོ་ཨ་ཧྥེ་རི་ཁར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་དང་འབྲེལ་ལྷོ་ཨ་ཧྥེ་རི་ཁའི་གཡོད་ཧན་ནེ་སི་པའོ་རུ་གཉེར་རྒྱུའི་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞལ་འཛོམས་ཐེངས་བཅུ་པར་ཞུགས་རྒྱུ་རེད། དེ་དང་ཆབས་ཅིག་མོ་རི་ཐིའུ་སིར་ཕེབས་རྒྱུ་དང་སྦྲགས་མཛའ་གྲོགས་འཚམས་འདྲི་གནང་རྒྱུ་རེད།

༄༅།།ཞི་ཅིན་ཕིང་གིས་སེ་ནེ་ཀལ་དུ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ།