མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་སེ་ནེ་ཀལ་གྱི་ཙུང་ཐུང་ས་ལེའི་དབར་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་24ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་དང་སེ་ནེ་ཀལ་གྱི་ཙུང་ཐུང་ས་ལེའི་དབར་གྲོས་མོལ་གནང་བ།

     མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་21ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏ་ཁར་རུ་སེ་ནེ་ཀལ་གྱི་ཙུང་ཐུང་ས་ལེ་དང་གྲོས་མོལ་གནང་བ་དང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཉེ་བའི་ལོ་ཤས་རིང་ཀྲུང་སེའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་ཕྱིན་པར་ཚད་མཐོའི་གདེང་འཇོག་གནང་བ་དང་མུ་མཐུད་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་བཏང་ཐོག་དེ་བས་མཛེས་སྡུག་ལྡན་པའི་ཀྲུང་སེའི་འབྲེལ་བའི་འབྱུང་འགྱུར་གསར་གཏོད་བྱ་རྒྱུར་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད།
     ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་གིས་འཐབ་ཇུས་ཀྱི་མཐོ་ཚད་ནས་ཀྲུང་སེའི་འབྲེལ་བར་ལྟ་སྟངས་འཛིན་པ་དང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ལེན་ཧུར་ཐག་ཞུས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་མཉམ་ལས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་མོས་བསྔགས་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་མཐོ་རིམ་དབར་གྱི་འགྲོ་འོང་དམ་ཟབ་བྱས་ཏེ་ཕྱོགས་གཉིས་པོའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་འགངས་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་དང་སྲིད་ཇུས་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་ང་ཚོས་སེ་ནེ་ཀལ་འདི་ཉིད་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ཡིག་ཆར་མིང་རྟགས་འགོད་མཁན་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དང་པོ་དེར་འགྱུར་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ང་ཚོའི་རེ་བར་དེ་གོ་སྐབས་སུ་བྱས་ནས་ཀྲུང་སེའི་མཉམ་ལས་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས“ཉ་འཛིན་སྟངས་ཀྱི་རྩལ་ནུས་སློབ་པའི”འདུ་ཤེས་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་སེ་ནེ་ཀལ་ཕྱོགས་དང་མཉམ་ལས་རྒྱ་ཆེར་དང་གཏིང་ཟབ་ཏུ་བཏང་སྟེ་སེ་ནེ་ཀལ་ཕྱོགས་ཀྱི་རང་བདག་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་འདོད་ཡོད། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤེལ་རེས་དམ་ཟབ་བྱས་ཏེ་དམངས་སེམས་གཅིག་འབྲེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་ཁྲིམས་བསྟར་བདེ་འཇགས་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་གོ་ཕྱོགས་ཀྱིས་སེ་ནེ་ཀལ་ཕྱོགས་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་དང་། ཞི་བདེ་སྲུང་སྐྱོང་། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ནུས་པ་འཛུགས་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་སེ་ནེ་ཀལ་ཕྱོགས་ཀྱིས་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ་སེ་ནེ་ཀལ་ཕྱོགས་དང་ཨ་ཧྥེ་རི་ཁའི་ཞི་བདེ་དང་བདེ་འཇགས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན། གནམ་གཤིས་འགྱུར་ལྡོག་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་འགངས་ཆེན་ཁྲོད་འབྲེལ་གཏུག་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཨ་ཧྥེ་རི་ཁ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱ་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ངས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་ཡུན་རིང་མཛའ་གྲོགས་དང་ལས་དབང་བདག་གཞན་མཉམ་བརྗེ་བྱེད་པ་མྱོང་ཚོར་ཟབ་མོ་ཐུབ་ཀྱི་འདུག ཕྱོགས་གཉིས་པོ་ནི་འཕེལ་རྒྱས་ལམ་བུའི་ཐོག་གི་ལྷག་བསམ་ཟོལ་མེད་ཀྱི་རོགས་ཟླ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་རང་བྱུང་གི་མནའ་མཐུན་དམག་དཔུང་ཞིག་ཡིན། ཀྲུང་གོའི་འཕེལ་རྒྱས་ལས་ཨ་ཧྥེ་རི་ཁར་གོ་སྐབས་དེ་བས་མང་བ་འཕྲད་རྒྱུ་དང་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལས་ཀྱང་ཀྲུང་གོའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁར་འཛིན་པའི་ཟོལ་མེད་དང་མཛའ་བརྩེའི་སྲིད་ཇུས་འདུ་ཤེས་དང་ཡང་དག་པའི་བདེན་ཁེའི་ལྟ་བ་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་བཏང་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གཉིས་ཁེ་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་ཐུབ་པ་བྱ་རྒྱུ་ཡིན། འདི་ལོའི་ཟླ་9པར་ང་ཚོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་བསུ་རྒྱུ་ཡིན་པས་ཙུང་ཐུང་ས་ལེ་ཚུད་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་པེ་ཅིང་དུ་མཉམ་འཛོམས་གནང་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་ཇུས་ཆེན་ཐུན་མོང་ཐོག་གྲོས་བསྡུར་གནང་རྒྱུར་ངས་རེ་སྒུག་བྱེད་བཞིན་ཡོད་ཅེས་བསྟན་གནང་བ་རེད།
     གྲོས་མོལ་གྲོལ་རྗེས་ཙུང་ཐུང་ས་ལེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སེ་ནེ་ཀལ་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གྱི་བྱས་རྗེས་གཟེངས་རྟགས་མཐོ་ཤོས་རྒྱལ་ཁབ་ཀྱི་ཕོ་སེང་གོ་གནས་ཚོགས་པའི་རྒྱ་གྲམ་ཆེ་མོའི་གཟེངས་རྟགས་གནང་བ་རེད།
     རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སོགས་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་བདེན་དཔང་གནང་བ་རེད།