མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ཁི་ཀ་ལིར་ཕེབས་འབྱོར་ཟིན་ནས་རུ་ཝང་ཏ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་
འཚམས་འདྲི་གནང་འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་25ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

       མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་22ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཁི་ཀ་ལིར་ཕེབས་འབྱོར་ཟིན་ནས་རུ་ཝང་ཏ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་རེད།
       ས་ཆ་དེ་གའི་དུས་ཚོད་མཚན་མོའི་ཆུ་ཚོད་8དང་སྐར་མ་50ཡི་ཐོག་ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་ཁི་ཀ་ལིའི་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་ཟིན་པ་དང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གནམ་གྲུ་ནས་དོན་གནང་སྐབས་རུ་ཝང་ཏའི་ཙུང་ཐུང་ཁ་ཅན་མའེ་དང་སྐུ་ཟླ་ཀྲེན་ཉི་ཐེ་སོགས་ཀྱིས་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་པ་རེད། གཟབ་མཆོར་སྤྲས་པའི་གུས་དམག་གིས་སྙིང་སྟོབས་ཆེར་བསྐྱེད་སྒོ་ནས་གུས་པར་འོས་པའི་སྐུ་མགྲོན་ལ་མིག་ཅེ་རེར་བལྟས་ནས་གུས་ལུགས་མཚོན་པར་བྱས་པ་དང་རུ་ཝང་ཏའི་ན་ཆུང་གིས་ཞི་ཅིན་ཕིང་དང་ཕེང་ལི་ཡོན་ལ་མེ་ཏོག་ཕུལ་བ་རེད། ཁ་ཅ་མའེ་ཡིས་ཞི་ཅིན་ཕིང་དང་ཕེང་ལི་ཡོན་ལ་རུ་ཝང་ཏ་ཕྱོགས་ཀྱི་ཕེབས་བསུ་ཞུ་མཁན་གཞན་དག་ངོ་སྤྲོད་གནང་ཡོད། ལུས་ལ་མི་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་པའི་ས་ཆ་དེ་གའི་དམངས་ཚོགས་ཀྱིས་སྤྲོ་སྣང་དོད་པའི་མགྲོན་བསུའི་ཞབས་བྲོ་འཁྲབ་པ་དང་དགའ་སྤྲོ་འཁོལ་བའི་ཨ་ཧྥེ་རི་ཁའི་རྔ་བརྡུངས་ཏེ་ཀྲུང་གོའི་སྐུ་མགྲོན་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཡོད།
       རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་སྐུ་ཟླ་ཕན་ཚུན་མཛའ་ཞིང་བརྩེ་བའི་གླེང་མོལ་གནང་བ་དང་ཞི་ཅིན་ཕིང་གིས་རུ་ཝང་ཏ་སྲིད་གཞུང་དང་མི་དམངས་ལ་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་སྤྲོད་གནང་བ་རེད། ཞི་ཅིན་ཕིང་གིས་ངས་ད་ཐེངས་འཚམས་འདྲི་ཞུ་བ་དེ་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་རུ་ཝང་ཏར་འཚམས་འདྲི་ཞུ་ཐེངས་དང་པོ་དེ་རེད། ང་རུ་ཝང་ཏར་སླེབས་མ་ཐག་རུ་ཝང་ཏ་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོ་མི་དམངས་ལ་མཛའ་སེམས་ཟབ་མོ་འཆང་བ་མྱོང་ཚོར་ཟབ་མོ་ཐུབ་བྱུང་། མ་གཞི་ཀྲུང་གོ་དང་རུ་ཝང་ཏ་དབར་བར་ཐག་ཧ་ཅང་རིང་པོ་ཡོད་མོད། འོན་ཀྱང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་སྲོལ་རྒྱུན་བཟང་བ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་མཛའ་གྲོགས་ཟབ་མོ་ཡོད། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་47སོང་ཚུན་ཕྱོགས་གཉིས་པོས་ལྷག་བསམ་ཟོལ་མེད་ཀྱི་མཛའ་མཐུན་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་མཐའ་འཁྱོངས་བྱས་པ་དང་ཀྲུང་རུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བརྟན་པོའི་ངང་འཕེལ་རྒྱས་བྱུང་ཡོད། ན་ནིང་ཟླ་3པར་ཙུང་ཐུང་ཁ་ཅ་མའེ་ཡིས་ཀྲུང་གོར་འཚམས་འདྲི་གནང་རིང་ང་ཚོས་ཀྲུང་རུའི་འབྲེལ་བ་དང་གཉིས་ཕན་མཉམ་ལས་ཐད་སྤེལ་རེས་གཏིང་ཟབ་བྱས་ནས་གྲུབ་པའི་ཐུན་མོང་གི་ངོས་འཛིན་དེ་དག་ཕྱོགས་ཡོངས་ནས་དོན་འཁྱོལ་ནུས་ལྡན་ཐུབ་བཞིན་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ལོ་གཅིག་ལྷག་ཙམ་ནང་ཕན་ཚུན་འཚམས་འདྲི་བྱ་རྒྱུ་གྲུབ་འབྲས་ཐོན་པའི་ངང་མངོན་འགྱུར་བྱུང་བ་དེ་ཐོག་ནས་ཕྱོགས་གཉིས་པོས་ཀྲུང་རུའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་གང་ལེགས་མཚོན་ཡོད་ཅེས་བསྟན་གནང་བ་རེད།