མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་ལ་ཞུགས་པ་དང་འབྲེལ་གསུང་
བཤད་གལ་ཆེན་ཡང་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་27ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་ལ་ཞུགས་པ་དང་འབྲེལ་གསུང་
བཤད་གལ་ཆེན་ཡང་གནང་བ།

        མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་25ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུས་ལྟར་ལྷོ་ཨ་ཧྥེ་རི་ཁའི་གཡོད་ཧན་ནེ་སི་པའོ་རུ་འཚོགས་པའི་འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་ལ་ཞུགས་པ་དང་འབྲེལ་འགོ་བརྗོད་དུ་《དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་བྱེད་དགོས་》ཞེས་འཁོད་པའི་གསུང་བཤད་གལ་ཆེན་ཡང་གནང་བ་རེད། འབོ་གསེར་རྒྱལ་ཁབ་ཀྱིས་ལོ་རྒྱུས་ཀྱི་དུས་བབ་ཆེན་པོ་དང་བསྟུན་པ་དང་མཉམ་ལས་གཉིས་ཕན་དང་། གསར་གཏོད་སྣེ་ཁྲིད། བསྟུན་མཁས་ཀུན་ཕན། ཕྱོགས་མང་རིང་ལུགས་བཅས་མཐའ་འཁྱོངས་བྱས་ཏེ་རྒྱལ་སྤྱིའི་འབྲེལ་བ་གསར་པ་གཏོད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་ཧྲན་ཐེང་རྒྱལ་སྤྱིའི་ཚོགས་འདུའི་ལྟེ་གནས་སུ་ཕེབས་འབྱོར་ཟིན་པར་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཕུའུ་ས་ཡིས་སྤྲོ་སེམས་འཁོལ་བའི་ངང་བསུ་བ་ཞུས་པ་དང་རྒྱལ་ཁབ་གཉིས་པོའི་གཙོ་བདག་ལྷན་དུ་ཚོགས་རར་ཕེབས་པ་རེད། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད།
         ཞི་ཅིན་ཕིང་གིས་འབོ་གསེར་ལམ་སྲོལ་ཆགས་པ་དང་འཕེལ་རྒྱས་བྱུང་བ་ནི་འཛམ་གླིང་གི་དཔལ་འབྱོར་འཕོ་འགྱུར་དང་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་སོང་བ་ལས་བྱུང་བ་ཞིག་རེད། ལོ་བཅུ་ཚན་དང་པོའི་རིང་འབོ་གསེར་མཉམ་ལས་བབ་བསྟུན་ཡར་ཐོན་བྱུང་ནས་འཛམ་གླིང་གི་དཔལ་འབྱོར་བརྟན་པོའི་སྒོ་ནས་སླར་གསོ་ཐུབ་པ་དང་མུ་མཐུད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། དེང་སྐབས་ཀྱི་འཛམ་གླིང་ལ་ལོ་བརྒྱར་ཡང་ཐོན་མ་མྱོང་བའི་འཕོ་འགྱུར་ཆེན་པོ་བྱུང་བཞིན་ཡོད། རྒྱ་ཆེའི་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན། འཛམ་གླིང་འདིར་གང་སར་གོ་སྐབས་ཀྱིས་ཁེངས་ཡོད་ལ་འགྲན་སློང་གིས་ཀྱང་ཁེངས་ཡོད། ང་ཚོས་རྒྱལ་ཁབ་ཀྱི་གནས་བབ་ལ་འགྱུར་ལྡོག་འགྲོ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་འབོ་གསེར་མཉམ་ལས་འཆར་འགོད་བྱས་ཏེ་འཛམ་གླིང་འཕེལ་རྒྱས་དང་འབོ་གསེར་རྒྱལ་ཁབ་ཐུན་མོང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་འཕེལ་རིམ་ཁྲོད་རང་ངོས་འཕེལ་རྒྱས་ཡོང་བ་བྱས་ནས“གསེར་མདོག་ཅན་གྱི་ལོ་བཅུ་ཚན་གཉིས་པའི”སྐབས་སུ་འཕུར་མཆོང་གསར་པ་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
           ཞི་ཅིན་ཕིང་གིས་མ་འོངས་ཀྱི་ལོ་བཅུ་ནི་འཛམ་གླིང་དཔལ་འབྱོར་གྱི་སྒུལ་ནུས་གསར་རྙིང་བརྗེ་རེས་ཀྱི་འགག་རྩའི་ལོ་བཅུ་དང་། རྒྱལ་སྤྱིའི་གནས་བབ་དང་སྟོབས་ཤུགས་བསྡུར་བ་ལ་མགྱོགས་མྱུར་འགྱུར་ལྡོག་འགྲོ་བའི་ལོ་བཅུ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྐྱར་གྲུབ་གཏིང་ཟབ་བྱེད་པའི་ལོ་བཅུ་བཅས་རེད། ངས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མཉམ་དུ་འབོ་གསེར་མཉམ་ལས་དེ་གཡོད་ཧན་ནེ་སི་པའོ་ནས་འགོ་བཙུགས་ཏེ་མུ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། མཉམ་དུ་འགྲན་སློང་ཁྱད་དུ་གསོད་པ་བཅས་བྱས་ཏེ་རྒྱལ་སྤྱིའི་འབྲེལ་བ་གསར་པ་གཏོད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་ནན་བཤད་གནང་བ་སྟེ།
         གཅིག་ནས་མཉམ་ལས་གཉིས་ཁེ་མཐའ་འཁྱོངས་བྱས་ཏེ་སྒོ་དབྱེའི་དཔལ་འབྱོར་འཛུགས་སྐྲུན་བྱེད་དགོས་ཤིང་། འབོ་གསེར་རྒྱལ་ཁབ་ཀྱིས་བློ་བརྟན་འགྱུར་མེད་ངང་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པ་དང་། དར་ཆ་གསལ་སྟོན་གྱིས་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་པ། ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དཔལ་འབྱོར་གོ་ལ་ཅན་དེ་བས་སྒོ་དབྱེ་དང་། བསྟུན་མཁས། ཀུན་ཕན། དོ་སྙོམས། གཉིས་ཁེ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་ཁྲིད་སྟོན་བྱེད་དགོས། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ལྷག་དོན་དུ་ཨེ་ཧྥེ་རི་ཁའི་རྒྱལ་ཁབ་དང་དར་རྒྱས་ཧ་ཅང་འགྲོ་འགོར་བའི་རྒྱལ་ཁབ་དག་ལ་རྒྱལ་སྤྱིའི་ཐོན་ལས་ལས་བགོས་ནང་ནུས་ལྡན་ཞུགས་ཏེ་དཔལ་འབྱོར་གོ་ལ་ཅན་གྱི་ཕན་བདེ་མཉམ་སྤྱོད་ཐུབ་པ་བྱེད་དགོས།
          གཉིས་ནས་གསར་གཏོད་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་དགོས་ཤིང་། འབོ་གསེར་རྒྱལ་ཁབ་ཀྱིས་གསར་གཏོད་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། སྒུལ་ནུས་གསར་རྙིང་བརྗེ་རེས་བྱེད་པ། གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་གསར་གཏོད་དང་སྤེལ་རེས། མཉམ་ལས་བཅས་གཏིང་ཟབ་ཏུ་བཏང་ནས་ཚན་རྩལ་ཡར་ཐོན་གྱི་ཕན་པ་རྒྱལ་ཁབ་དང་མི་དམངས་དེ་བས་མང་པོར་ཐོབ་པ་བྱེད་དགོས།
          གསུམ་ནས་བསྟུན་མཁས་ཀུན་ཕན་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་བདེ་སྐྲུན་དགོས་ཤིང་། འབོ་གསེར་རྒྱལ་ཁབ་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་ཏེ་2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་དང་རང་རྒྱལ་ཁབ་ཀྱི་གོང་འཕེལ་འཐབ་ཇུས་གཉིས་སྦྲེལ་མཐུད་གཏིང་ཟབ་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། དཔལ་འབྱོར་དང་། སྤྱི་ཚོགས། ཁོར་ཡུག་བཅས་ཀྱི་འཕེལ་རྒྱས་ལ་སྤྱི་འདོམས་འཆར་འགོད་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཨ་ཧྥེ་རི་ཁ་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་བཅས་བྱས་ཏེ་འབོ་གསེར་རྒྱལ་ཁབ་དང་ཨ་ཧྥེ་རི་ཁ་དབར་གྱི་མཉམ་ལས་དེ་ལྷོ་ལྷོ་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་ཧུར་ཐག་གཏོད་དགོས།
         བཞི་ནས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། འབོ་གསེར་རྒྱལ་ཁབ་ཀྱིས་ཕྱོགས་ཁག་ལ་ཐུན་མོང་ཐོག་གཏན་འབེབས་བྱས་པའི་རྒྱལ་སྤྱིའི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུ་རྒྱུའི་སྐུལ་མ་གཏོང་བ་དང་རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་དར་སྤེལ་གཏོང་བ་དང་། ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་དང་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ནས་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་དགོས།
         ཞི་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་གོར་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་བཞི་བཅུ་འཁོར་བའི་ལོ་ཞིག་རེད། ལོ་བཞི་བཅུའི་རིང་ཀྲུང་གོས་སྤྱིར་བཏང་མིན་པའི་ལོ་ཟླ་བརྒྱུད་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད། ཀྲུང་གོ་མི་དམངས་ཀྱིས་རང་ངོས་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ང་ཚོས་ལྷོ་ལྷོ་མཉམ་ལས་ཀྱི་ལས་དོན་ཧུར་ཐག་སྤེལ་ཏེ་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཐོག་འཕེལ་རྒྱས་ལ་གོ་སྐབས་སྔར་ལས་ལྷག་པ་བསྐྲུན་རྒྱུ་ཡིན། ང་ཚོས་མུ་མཐུད་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་འཛུགས་སྐྲུན་བྱེད་པ་དང་། ཡིད་དབང་འགུག་ཤུགས་སྔར་བས་ཆེ་བའི་མ་འཇོག་ཁོར་ཡུག་མུ་མཐུད་གཏོད་པ། ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རང་འགུལ་ངང་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ། རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བ་དང་།2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་ཡོང་བར་བར་མཐོངས་གསར་པ་ཞིག་གཏོད་རྒྱུ་ཡིན་ཞེས་གསུངས།
         ཞི་ཅིན་ཕིང་གིས་ཀྲུང་གོ་ནི་གླིང་ཆེན་ཨ་ཧྥེ་རི་ཁ་རྒྱལ་ཁབ་ཀྱི་རང་བྱུང་གི་གྲོགས་པོ་ཡག་པོ་དང་། སྤུན་ཟླ་ཡག་པོ། རོགས་ཟླ་ཡག་པོ་བཅས་རེད། ཀྲུང་གོ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་མཉམ་ལས་ནི་ལྷོ་ལྷོ་མཉམ་ལས་ཀྱི་དཔེ་མཚོན་རེད། འདི་ལོའི་ཟླ་དགུ་པར་ཀྲུང་གོ་ཕྱོགས་ཀྱིས་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་དང་མཉམ་དུ་ཀྲུང་གོ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་འཚོགས་ཏེ་སྤུས་ཚད་དེ་བས་མཐོ་བ་དང་ཆུ་ཚད་དེ་བས་མཐོ་བའི་སྒོ་ནས་ཀྲུང་གོ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་མཉམ་ལས་གཉིས་ཁེ་དང་ཐུན་མོང་འཕེལ་རྒྱས་ཀྱི་འཆར་གཞི་འགོད་རྒྱུ་ཡིན་ཞེས་བསྟན་གནང་བ་རེད།
         ཞི་ཅིན་ཕིང་གིས་དཔལ་འབྱོར་མཉམ་ལས་ནི་འབོ་གསེར་མཉམ་ལས་ཀྱི་གལ་ཆེ་ཤོས་དང་གྲུབ་འབྲས་ཕུན་སུམ་ཚོགས་ཤོས་ཀྱི་ཁྱབ་ཁོངས་ཤིག་རེད། བཟོ་ཚོང་ལས་རིགས་ནི་འབོ་གསེར་གྱི་དཔལ་འབྱོར་མཉམ་ལས་ཀྱི་གཙོ་ཤུགས་དམག་དང་སྐྱེ་སྟོབས་དམག་རེད། གསེར་མདོག་ཅན་གྱི་ལོ་བཅུ་ཚན་གཉིས་པ་གཏོད་རིང་། བཟོ་ཚོང་ལས་རིགས་ལ་ལས་ཀ་བྱ་གཞི་ཆེན་པོ་ཡོད། དེས་ན་གྲོགས་པོ་ཁེ་ལས་མཁས་ཅན་ཚོས་རང་སོ་སོའི་ལེགས་ཆ་གང་ལེགས་འདོན་པ་དང་། སྒྱུར་བཅོས་གསར་གཏོད་བྱེད་ཕོད་པ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཉིས་ཀར་ལྟ་རྟོག་བྱེད་པ། རྒྱལ་ཁབ་ལྔ་པོའི་མཉམ་ཁེ་མཉམ་ཕན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བའི་རེ་བ་ཡོད་ཅེས་བསྟན་གནང་བ་རེད།
        མཇུག་ཏུ་ཞི་ཅིན་ཕིང་གིས་འབོ་གསེར་མཉམ་ལས་ཀྱི་འཕེལ་རིམ་ནི་རྒྱལ་ཁབ་ལྔ་པོས་ལག་གདང་སྦྲེལ་ནས་ཡང་རྩེར་འཛེག་པ་དང་བརྒལ་མཆོང་ཟམ་མི་ཆད་པ་ཡོང་བར་བྱེད་པའི་འཕེལ་རིམ་ཞིག་ཡིན་པས་འབོ་གསེར་རྒྱལ་ཁབ་ཀྱིས་ལག་གདང་སྦྲེལ་ནས་སེམས་ཤུགས་གཅིག་ཏུ་བསྒྲིལ་ཚེ། རྒྱུན་ཆད་མེད་པར་བརྒལ་མཆོང་ཐུབ་ནས་མཐོ་ཚད་གསར་པར་སླེབས་ཏེ་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་ཐུབ་ངེས་རེད་ཅེས་ནན་བཤད་གནང་བ་རེད།
         ཐོ་ཀོའི་ཙུང་ཐུང་ཧྥུའུ་ལུའེ་དང་། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་གཞོན་པ་མཱ་པུའུ་ཀྲ། འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ཚོང་པུའི་པུའུ་ཀྲང་། དེ་བཞིན་བཟོ་ཚོང་ལས་རིགས་ཀྱི་མི་སྣ་བཅས་མི་1200ཙམ་ཞུགས་ཡོད་པ་རེད།
          ས་གནས་དེ་གའི་དུས་ཚོད་ཚེས་25ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་པི་ལེ་ཐོ་ལི་ཡ་ནས་ཞལ་གྱེས་རྗེས་གཡོད་ཧན་ནེ་སི་པའོ་རུ་ཕེབས་འབྱོར་ཟིན་ནས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅུ་པར་ཞུགས་པ་རེད།