མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་ཙུང་ཐུང་ལ་མ་ཕུའུ་ས་ཡིས་བཤམས་གནང་བའི་དགའ་བསུ་ཞུ་བ་དང་ཀྲུང་
གོ་དང་ལྷོ་ཨ་ཧྥེ་རི་ཁ་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་20འཁོར་བར་རྟེན་
འབྲེལ་ཞུ་བའི་དགོང་མོའི་གསོལ་སྟོན་ལ་ཞུགས་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་27ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་24ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕི་རི་ཐོ་རི་ཡར་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཕུའུ་སས་བཤམས་གནང་བའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྷོ་ཨ་ཧྥེ་རི་ཁར་རྒྱལ་དོན་འཚམས་འདྲི་གནང་བར་དགའ་བསུ་ཞུ་བ་དང་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁ་དབར་ཕྱི་འབྲེལ་འབྲེལ་ལམ་བཙུགས་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུ་བའི་དགོང་མོའི་གསོལ་སྟོན་ལ་ཞུགས་པ་རེད།
         ཞི་ཅིན་ཕིང་དང་ཕིང་ལི་ཡོན་ཙུང་ཐུང་གི་སྐུ་མགྲོན་ཁང་དུ་ཕེབས་སྐབས་ལ་མ་ཕུའུ་ས་དང་སྐུ་ཟླ་མོ་ཚའེ་ཕེས་སྤྲོ་སེམས་འཁོལ་བའི་ཕེབས་བསུ་ཞུས་པ་དང་རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་དབར་མཛའ་བརྩེའི་ཕྱག་བཏང་གནང་ནས་ཕན་ཚུན་འཚམས་འདྲི་གནང་བ་རེད།
         ས་གནས་དེའི་དུས་ཚོད་མཚན་མོའི་ཆུ་ཚོད་7དང་སྐར་མ་10ཙམ་དུ་ཞི་ཅིན་ཕིང་དང་ཕིང་ལི་ཡོན་གྱིས་ལ་མ་ཕུའུ་ས་སྟངས་དཔྱལ་དང་ལྷན་དུ་གསོལ་སྟོན་ཚོམས་ཆེན་དུ་ཕེབས་པ་དང་རོལ་ཆ་རུ་ཁག་གིས་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་རེད།
         ཞི་ཅིན་ཕིང་གིས་ཤིས་ཚིག་གསུངས་སྐབས་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་20འཁོར་བར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་དུས་ཡུན་རིང་པོའི་ནང་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་མཛའ་གྲོགས་ཆེད་ལེགས་སྐྱེས་ཕུལ་མཁན་ལས་རིགས་ཁག་གི་མི་སྣར་བླ་ན་མེད་པའི་གུས་འདུད་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་མཛའ་གྲོགས་ཀྱི་བྱ་གཞག་དེ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་མི་རབས་རྒན་གྲས་ཀྱི་ཐུགས་ཁུར་དང་གསོ་སྐྱོང་འོག་ཟམ་མི་ཆད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ཟམ་མི་ཆད་པར་སྲ་བརྟན་དང་གཏིང་ཟབ་ཏུ་སོང་ཡོད། 1998ལོའི་ཟླ་1ཚེས་1ཉིན་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་དབར་ཕྱི་འབྲེལ་འབྲེལ་བ་དངོས་སུ་བཙུགས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལོ་རྒྱུས་ཀྱི་ལེའུ་གསར་པ་རྩོམ་འགོ་ཚུགས་ཡོད། ལོ་20ཡི་རིང་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་འབྲེལ་བའི་ཐད་མཆོང་སྐྱོད་གལ་ཆེན་བྱུང་བ་དང་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་འབྲེལ་བ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ་དེ་ནི་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་མཉམ་ལས་ཟམ་མི་ཆད་པ་གཏིང་ཟབ་ཏུ་ཕྱིན་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཡིན་ལ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་དབར་མཐུན་སྒྲིལ་མཉམ་ལས་བྱས་པའི་དཔེ་མཚོན་ཞིག་ཀྱང་རེད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་དུས་ཐུང་ལོ་20ཡི་རིང་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་འབྲེལ་བར་གཡུར་ཟའི་གྲུབ་འབྲས་དེ་ལྟ་བུ་ཐོབ་པའི་འགག་རྩ་དེ་ཕྱོགས་གཉིས་པོས་ཕན་ཚུན་རོགས་རེས་དང་། ཕན་ཚུན་བརྩི་འཇོག་དང་ཡིད་ཆེས། གཉིས་ཁེ་གཉིས་ཕན། ཕན་ཚུན་རྒྱུས་ལོན། གཅིག་ལ་གཅིག་བརྟེན་བཅས་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་བརྩེ་སེམས་ཀྱི་རྨང་གཞི་དང་། ཆབ་སྲིད་ཀྱི་རྨང་གཞི། དཔལ་འབྱོར་གྱི་རྨང་གཞི། དམངས་འདུན་གྱི་རྨང་གཞི། འཐབ་ཇུས་ཀྱི་རྨང་གཞི་བཅས་གལ་ཆེན་བཏིང་བར་ཐུག་ཡོད། ལོ་20ཡི་རིང་གི་ཉམས་མྱོང་ཧ་ཅང་རྩ་ཆེ་བ་དང་ང་ཚོས་ཕྱོགས་གཉིས་པོའི་འབྲེལ་བའི་མདུན་སྐྱོད་ཀྱི་ཁ་ཕྱོགས་སྟངས་འཛིན་ཡག་པོ་བྱས་ཏེ་ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་ཐོག་མཐའ་བར་གསུམ་དུ་ལྷག་བསམ་ཟོལ་མེད་ཀྱི་ལྟ་སྟངས་འཛིན་པ་དང་སྐྱིད་སྡུག་མཉམ་མྱོང་གི་བློ་མཐུན་དང་གཅེན་གཅུང་ཞིག་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་རྒྱུན་མཐུད་ངང་སྔོག་འདོན་བྱས་ཏེ་སྤུས་ཚད་མཐོ་བའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ཡག་པའི་ཕན་བདེ་བསྐྲུན་པ། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་བཏང་ནས་དེ་བས་དམ་ཟབ་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་བྱེད་པ། རྒྱལ་སྤྱིའི་ལས་དོན་ཁྲོད་མུ་མཐུད་ཕན་ཚུན་ལྟ་སྐྱོང་བྱས་ནས་རིམ་པ་མཐོ་བའི་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།