མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་29ཉིན། 11:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་26ཉིན་ལྷོ་ཨ་ཧྥེ་རི་ཁའི་གཡོད་ཧན་ནེ་སི་པའོ་རུ་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་མཇལ་འཛོམས་གནང་བ་རེད།
         ཞི་ཅིན་ཕིང་གིས་འདི་ནི་ང་དང་སྐུ་ཞབས་ཙུང་ལི་ཟླ་བ་གསུམ་ནང་ཞལ་འཛོམས་བྱེད་ཐེངས་གསུམ་པ་རེད། ང་ཚོས་དུས་ཐོག་ཏུ་ཕྱོགས་གཉིས་ཀྱི་འབྲེལ་བར་རྩེ་རིམ་སྣེ་ཁྲིད་དང་སྤྱི་ཁོག་སྟངས་འཛིན་བྱས་པ་དེས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཁག་གི་དགེ་མཚན་ལྡན་པའི་མཐུན་རྐྱེན་སྐོང་འཐེན་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དུང་ཕྱུར་26གི་འདོད་བློ་གཅིག་ཏུ་འགྲིལ་ནས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་འབྱུང་འགྱུར་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཤིག་ཆགས་རྒྱུར་ཕན་ཐོགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་ཕྱོགས་དང་མཉམ་དུ་ཝུའུ་ཧན་དུ་མཇལ་འཛོམས་བྱས་ནས་འགོ་ཚུགས་པའི་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བའི་རྣམ་པ་གསར་པ་མདུན་ཕྱོགས་སུ་ཟམ་མི་ཆད་པར་སྐུལ་འདེད་བཏང་སྟེ་ཀྲུང་གོ་དང་རྒྱ་གར་དབར་གྱི་དེ་བས་ཟབ་པའི་འཕེལ་རྒྱས་ཀྱི་རོགས་ཟླའི་འབྲེལ་བ་བརྟན་དུ་དང་འཕེལ་རྒྱས་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         མོ་ཏིས་རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་སྐད་ཆ་ཤོད་རེས་དང་འབྲེལ་གཏུག་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མི་མཐུན་ས་ཐག་གཅོད་ཡག་པོ་བྱེད་པ། ཕྱོགས་མང་སྒྲོམ་གཞིའི་ནང་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། སྲུང་སྐྱོང་རིང་ལུགས་དང་རྒྱལ་སྤྱིའི་ཁྲོམ་རའི་འཕར་ཆག་སོགས་ལས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་ལ་འཕྲད་པའི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ་བཅས་བྱས་ནས་དེ་བས་དམ་ཟབ་ཀྱི་འཕེལ་རྒྱས་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།