མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་མོ་རི་ཐིའུ་སི་སྤྱི་མཐུན་རྒྱལ་ཁབ་ཏུ་ཕེབས་འབྱོར་ཟིན་ནས་མཛའ་གྲོགས་ཀྱི་འཚམས་འདྲི་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་30ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མོ་རི་ཐིའུ་སི་སྤྱི་མཐུན་རྒྱལ་ཁབ་ཏུ་ཕེབས་འབྱོར་ཟིན་ཞིང་། དེ་ནས་ཕེབས་ལམ་བརྒྱུད་པ་མ་ཟད་མཛའ་གྲོགས་འཚམས་འདྲིའང་གནང་བ་རེད།
            ས་གནས་དེ་གའི་དགོང་མོའི་ཆུ་ཚོད་9དང་སྐར་མ་15ཙམ་ལ་ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་ལ་མོ་ཀུའུ་ལན་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་རེད། མོ་རི་ཐིའུ་སིའི་ཙུང་ལི་ཅ་ཀེ་ན་ཐེ་གནམ་ཐང་དུ་ཕེབས་བསུར་བཅར་ཞིང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་གནམ་གྲུའི་སྐས་ཀ་ནས་བབས་གནང་སྐབས་ཅ་ཀེ་ན་ཐེ་དང་སྐུ་ཟླ་ཁོ་པི་ཐཱ་རྣམ་གཉིས་ཀྱིས་མདུན་བསུ་ཞུས་ནས་ཁོ་པི་ཐཱ་ཡིས་ཕེང་ལི་ཡོན་ལ་མེ་ཏོག་སོས་པ་ཕུལ་བ་རེད།
            ཅ་ཀེ་ན་ཐེས་གནམ་ཐང་དུ་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་གཉེར་བ་རེད།
            རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་གཟིགས་ཞིབ་སྟེགས་བུའི་ཐོག་འཛེགས་ཤིང་། དམག་དཔུང་གི་རོལ་ཆ་རུ་ཁག་གིས་ཀྲུང་གོ་དང་མོ་རི་ཐིའུ་སི་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ། ཅ་ཀེ་ན་ཐེའི་ཕེབས་རོགས་འོག་ཞི་ཅིན་ཕིང་གིས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་རེད། ས་ཆ་དེ་རང་དུ་ད་དུང་ཀྲུང་གོའི་གླུ་གཞས《ངའི་ཀྲུང་གོའི་སེམས》ཞེས་པ་དཀྲོལ། གཟིགས་ཞིབ་གནང་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་ལྷན་དུ་སྣེ་ལེན་ཚོམས་ཆེན་དུ་ཕེབས། ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་མོ་རི་ཐིའུ་སི་ཕྱོགས་ཀྱི་ཕེབས་བསུ་ཞུ་མཁན་ལ་ཕྱག་བཏང་བ་དང་། ཅ་ཀེ་ན་ཐེ་སྟངས་དཔྱལ་གྱིས་ཀྲུང་གོ་ཕྱོགས་ཀྱི་ཕེབས་རོགས་མི་སྣར་ཕྱག་བཏང་།
            རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་མཛའ་བརྩེའི་ངང་བཀའ་མོལ་གནང་ཞིང་། ཞི་ཅིན་ཕིང་གིས་ང་འདི་གར་འབྱོར་མ་ཐག་ནས་མོ་རི་ཐིའུ་སི་སྲིད་གཞུང་དང་མི་དམངས་ཚོས་ཀྲུང་གོའི་མི་དམངས་ལ་བཅངས་པའི་བརྩེ་བ་ཟབ་མོ་ཚོར་བྱུང་། ཀྲུང་གོ་དང་མོ་རི་ཐིའུ་སིའི་འབྲེལ་བ་ཡག་པོ་ཡོད། ངས་སྐུ་ཞབས་ཙུང་ལི་མཆོག་དང་མཉམ་དུ་ཀྲུང་གོ་དང་མོ་རི་ཐིའུ་སིའི་དབར་གྱི་འབྲེལ་བ་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་དང་། ཅ་ཀེ་ན་ཐེས་ཀྲུའུ་ཞི་ཞི་ཅིན་ཕིང་མོ་རི་ཐིའུ་སིར་ལམ་ཞོར་དུ་ཕེབས་པ་མ་ཟད་མཛའ་གྲོགས་འཚམས་འདྲིའང་གནང་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྣེ་ལེན་ཞུ་རྒྱུ་བྱུང་བ་ནི་ངའི་གཟི་བརྗིད་ཡིན། སང་ཉིན་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཇལ་འཛོམས་བྱ་རྒྱུར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།