མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་མོ་རི་ཐིའུ་སིའི་ཙུང་ལི་ཅ་ཀེ་ན་ཐེ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་30ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཞི་ཅིན་ཕིང་གིས་མོ་རི་ཐིའུ་སིའི་ཙུང་ལི་ཅ་ཀེ་ན་ཐེ་དང་མཇལ་འཛོམས་གནང་བ།

             མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་རི་ཐིའུ་སིར་མོ་རི་ཐིའུ་སིའི་ཙུང་ལི་ཅ་ཀེ་ན་ཐེ་དང་མཇལ་འཛོམས་གནང་བ་རེད།
               ཞི་ཅིན་ཕིང་གིས་མོ་རི་ཐིའུ་སིར་རང་བཙན་ཐོབ་ནས་ལོ་50ལྷག་ཙམ་སོང་རིང་ཐོབ་པའི་སྤྱིར་བཏང་མིན་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་མོ་རི་ཐིའུ་སིའི་སྐབས་རིམ་བྱུང་སྲིད་གཞུང་གིས་ཀྲུང་གོར་མཛའ་གྲོགས་སྲིད་ཇུས་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱས་པར་བསྔགས་བརྗོད་གནང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་མོ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་མཛའ་མཐུན་དང་བརྩེ་དུང་ཟབ་མོ་ཡོད། ཀྲུང་མོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་46སོང་རིང་ཕྱོགས་གཉིས་པོའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་སོང་བ་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོ་རི་ཐིའུ་སི་ཕྱོགས་དང་སྔ་ཕྱི་བར་གསུམ་དུ་གྲོགས་པོ་ཡག་པོ་དང་རོགས་ཟླ་ཡག་པོ་བྱས་ཏེ་ཀྲུང་མོའི་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་ཟམ་མི་ཆད་པར་སྐས་རིམ་གསར་པའི་ཐོག་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
            ཞི་ཅིན་ཕིང་གིས་ཀྲུང་མོ་རྒྱལ་ཁབ་གཉིས་ཀ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པས་འཕེལ་རྒྱས་ཉམས་མྱོང་དང་འཕེལ་རྒྱས་ལས་འགན་འདྲ་པོ་ཡོད། མིག་སྔར་ཀྲུང་མོའི་འབྲེལ་བའི་འཕེལ་རྒྱས་ཐད་གོ་སྐབས་གལ་ཆེན་གསར་པ་འཕྲད་ཡོད། ང་ཚོས་མཐོ་རིམ་དབར་སྤེལ་རེས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱེད་པ་དང་སྲིད་གཞུང་སྡེ་ཚན་དང་། ཁྲིམས་འཛུགས་སྒྲིག་གཞི། ས་གནས་སོགས་དབར་གྱི་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་མུ་མཐུད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་དགོས། དངོས་སྒྲུབ་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ་དང་། ཕྱོགས་གཉིས་པོའི་ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། སྔ་ཙམ་ཀྲུང་མོའི་རང་མོས་ཚོང་དོན་གྱི་གྲོས་མཐུན་འཇོག་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཁྲོད་མོ་རི་ཐིའུ་སིའི་དམིགས་བསལ་གྱི་ས་བབ་ལེགས་ཆ་འདོན་སྤེལ་བཅས་བྱས་ཏེ་འབྲེལ་གཏུགས་བྱ་རྒྱུར་ཤུགས་སྣོན་དང་ཁྱབ་ཁོངས་ཆེན་པོའི་ནང་གི་མཉམ་ལས་ཟབ་ཏུ་གཏོང་དགོས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་ཤེས་རྟོགས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་མོ་རི་ཐིའུ་སི་ཕྱོགས་དང་གནམ་གཤིས་འགྱུར་ལྡོག་གི་ལྷོ་ལྷོ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་སྤྱིའི་ལས་དོན་ཁྲོད་གཞོགས་འདེགས་ཟབ་ཏུ་བཏང་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ནི་བདེ་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་འདུས་གྲུབ་དང་མཉམ་ལས་གཉིས་ཁེ་ཁེ་ཕན་གྱི་གཅིག་མཐུན་འདུས་གྲུབ་ཅིག་རེད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ཙམ་འགྲོ་བ་དང་ཀྲུང་གོ་འཕེལ་རྒྱས་ཇི་ཙམ་སོང་ནའང་ཀྲུང་གོས་སྔ་ཕྱི་བར་གསུམ་དུ་ཨ་ཧྥེ་རི་ཁ་སོགས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་དུ་ལངས་ནས་དུས་ནམ་ཡང་ཨ་ཧྥེ་རི་ཁའི་ལྷག་བསམ་ཟོལ་མེད་ཀྱི་གྲོགས་པོ་དང་བློས་འགེལ་ཆོག་པའི་རོགས་ཟླ་བྱ་རྒྱུ་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་པོས་ཟླ་9པར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་འཚོག་རྒྱུའི་གཏན་འཁེལ་བྱས་པ་རེད། སྐབས་དེར་སྐུ་ཞབས་ཙུང་ལི་ཚུད་པའི་ཨ་ཧྥེ་རི་ཁའི་འགོ་ཁྲིད་ཚོ་དང་མཉམ་དུ་དུས་རབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཇུས་ཆེན་གྲོས་བསྡུར་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས། 
          ཅ་ཀེ་ན་ཐེས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ས་ཁོངས་བསྒྲལ་ནས་མོ་རུ་ཐིའུ་སིར་ལོ་རྒྱུས་རང་བཞིན་གྱི་མཛའ་གྲོགས་འཚམས་འདྲི་གནང་བར་ཕེབས་པར་སླར་ཡང་དགའ་བསུ་ཞུས་པ་རེད། ཅ་ཀེ་ན་ཐེས་མོ་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་ལོ་རྒྱུས་རྒྱུན་འཛིན་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་འབྲེལ་བ་རྨང་གཞིར་བྱས་པའི་མཛའ་མཐུན་དུས་ཡུན་རིང་པོ་ཡོད། ཕྱི་འབྲེལ་འབྲེལ་བ་བཙུགས་ཚུན་ཕྱོགས་གཉིས་པོས་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་དམ་ཟབ་དང་གསོན་ཤུགས་ཀྱིས་ཁེངས་པའི་འབྲེལ་བ་ཡག་པོ་བཙུགས་ཡོད། མོ་རི་ཐིའུ་སིས་ཀྲུང་གོས་དུས་ཡུན་རིང་པོའི་ནང་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཀྲུང་གོའི་འཕེལ་རྒྱས་དུས་རབས་གསར་པར་སླེབས་པར་དོ་སྣང་ཆེན་པོ་བྱེད་པ་མ་ཟད། ཀྲུང་གོར་ཐོབ་པའི་གྲུབ་འབྲས་ཆེན་པོར་ཡིད་སྨོན་ཡང་སྐྱེ་བ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་པའི་བཞེད་དོན་ལ་གདེང་འཇོག་ཡག་པོ་བྱེད་ཀྱི་ཡོད། མོ་རི་ཐིའུ་སིས་མུ་མཐུད་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་བ་དང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་དགའ་བསུ་ཞུས་ཏེ་ཀྲུང་གོ་དང་གཉིས་ཕན་མཛའ་གྲོགས་མཉམ་ལས་ཟབ་ཏུ་གཏོང་འདོད་ཡོད། ང་རང་ཡང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་ཏེ་ཐུན་མོང་ཐོག་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དབར་གྱི་རོགས་ཟླའི་འབྲེལ་བ་དེ་བས་དམ་ཟབ་གཏོད་རྒྱུར་རེ་སྒུག་ཟབ་མོ་བྱེད་ཀྱི་ཡོད་ཅེས་བརྗོད།
           ཏིང་ཞུའེ་ཞང་དང་། དབྱང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥུང་སོགས་མཇལ་འཛོམས་ལ་ཞུགས་པ་རེད།