མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་01ཉིན། 12:56】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

             མི་དམངས་དྲ་བའི་འཕྲིན། ཅི་ལིན་ཁྲང་ཁྲུན་ཁྲང་ཧྲེང་ཀུང་སིས་ཁྲིམས་འགལ་སྒྲིག་འགལ་ངང་ཁྱི་སྨྱོན་ནད་ཀྱི་རིམས་འགོག་སྨན་ཁབ་ཐོན་སྐྱེད་བྱས་པའི་གྱོད་ གཞི་བརྟག་དཔྱད་ཀྱི་འཕེལ་རིམ་གྱི་སྙན་སེང་གསན་རྗེས། མཐའ་གཅིག་ཏུ་ཞིབ་བཤེར་ནན་པོ་དང་ཆད་པ་ནན་པོ་གཅོད་རྒྱུ་མ་ཟད་སྨན་ སྤྱོད་བདེ་འཇགས་ལ་འགན་ལེན་བྱེད་པའི་ཕུགས་ཕན་ལམ་སྲོལ་བཟོ་རྒྱུ་དང་། སློབ་གསོའི་གྲོན་དངུལ་བེད་སྤྱོད་ཀྱི་གྲུབ་ཆ་ལེགས་གཏོང་ དང་འོས་འགན་སློབ་གསོའི་དགེ་རྒན་གྱི་གླ་ཆ་དང་ཐོབ་ཆ་དོན་འཁྱོལ་ལ་བཀོད་སྒྲིག་བྱས་ཏེ་མི་དམངས་བློ་ཡིད་ཚིམས་པའི་སློབ་གསོའི་ ལས་དོན་ཡག་པོ་བསྒྲུབ་རྒྱུའི་བླང་བྱ་བཏོན་གནང་བ།
            ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་30ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཟླ་7ཚེས་30ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཁོང་གིས་ཅི་ལིན་ཁྲང་ཁྲུན་ཁྲང་ཧྲེང་ཀུང་སིས་ཁྲིམས་འགལ་སྒྲིག་འགལ་ངང་ཁྱི་སྨྱོན་ནད་ཀྱི་རིམས་འགོག་སྨན་ཁབ་ཐོན་སྐྱེད་བྱས་པའི་གྱོད་གཞི་བརྟག་དཔྱད་ཀྱི་འཕེལ་རིམ་གྱི་སྙན་སེང་གསན་རྗེས། མཐའ་གཅིག་ཏུ་ཞིབ་བཤེར་ནན་པོ་དང་ཆད་པ་ནན་པོ་གཅོད་རྒྱུ་མ་ཟད་སྨན་སྤྱོད་བདེ་འཇགས་ལ་འགན་ལེན་བྱེད་པའི་ཕུགས་ཕན་ལམ་སྲོལ་བཟོ་རྒྱུ་དང་། སློབ་གསོའི་གྲོན་དངུལ་བེད་སྤྱོད་ཀྱི་གྲུབ་ཆ་ལེགས་གཏོང་དང་འོས་འགན་སློབ་གསོའི་དགེ་རྒན་གྱི་གླ་ཆ་དང་ཐོབ་ཆ་དོན་འཁྱོལ་ལ་བཀོད་སྒྲིག་བྱས་ཏེ་མི་དམངས་བློ་ཡིད་ཚིམས་པའི་སློབ་གསོའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་བླང་བྱ་བཏོན་གནང་བ་རེད།
         ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྟག་དཔྱད་ཚོགས་ཆུང་གི་སྙན་སེང་ཉན་ཞིང་། ད་ཆ་གཞི་རྩའི་ཆར་གནས་ཚུལ་གསལ་རྟོགས་བྱུང་ཡོད་པ་སྟེ། ཁྲང་ཁྲུན་ཁྲང་ཧྲེང་ཀུང་སིས་མི་ལ་སྤྱོད་རྒྱུའི་འཁྱག་བཏང་བའི་ཁྱི་སྨྱོན་ནད་ཀྱི་རིམས་འགོག་སྨན་ཁབ་ཐོན་སྐྱེད་བྱེད་རིང་། རྒྱལ་ཁབ་ཀྱི་སྨན་རྫས་ཚད་གཞི་དང་སྨན་རྫས་ཐོན་སྐྱེད་སྤུས་ཚད་དོ་དམ་གྱི་གཏན་འབེབས་ལས་ཚབས་ཆེན་འགལ་བ་དང་། གང་བྱུང་དུ་ཐོན་སྐྱེད་བཟོ་རྩལ་བསྒྱུར་བ། ཐོན་སྐྱེད་དང་ཞིབ་བཤེར་གྱི་ཟིན་ཐོ་རྫུན་བཟོ་བྱས་པ། དཔང་རྟགས་མེད་པར་བཟོས་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལྷགས་པ་མ་ཟད་དེའི་ངོ་བོ་ཧ་ཅང་ཚབས་ཆེ་བས་ཉེས་གསོག་གི་དོགས་གཞི་ཡོད་པ་རེད། སྤྱི་བདེ་ལས་ཁུངས་ཀྱིས་འབྲེལ་ཡོད་ཀྱི་འགན་འཁུར་བ་བཀག་ཉར་བྱས་པ་མ་ཟད་འཛིན་བཟུང་གི་ཆོག་མཆན་སྤྲོད་རྒྱུའི་རེ་ཞུའང་བྱས་ཡོད། གོམ་སྟབས་རྗེས་མར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྟག་དཔྱད་ཚོགས་ཆུང་གིས་མུ་མཐུད་ལས་དོན་གཏིང་ཟབ་བསྒྲུབ་དགོས། གཅིག་ནས་གྱོད་གཞིའི་བརྟག་དཔྱད་འབྲས་བུ་གཞིར་བཟུང་གྱོད་གཞི་དང་འབྲེལ་བའི་ཁེ་ལས་དང་། འགན་འཁུར་བ། དེའི་ནང་ཞུགས་མཁན་བཅས་ལ་ཁྲིམས་བཞིན་ཆད་པ་ནན་པོ་དང་དངུལ་ཆད་ཕོན་ཆེན་གཅོད་དགོས་པ་མ་ཟད། ཁྲིམས་འཛིན་ལས་ཁུངས་ཀྱིས་ཉེས་དོན་གྱི་འགན་འཁྲི་སྔར་བས་བདའ་འདེད་བཏང་ནས་ཁྲིམས་འགལ་ཉེས་གསོག་པ་ཚབས་ཆེན་ལ་ཉེས་ཁྲིམས་བཅད་ནས་བཙོན་འཇུག་བྱས་ཏེ་ཁྲིམས་ལྟར་ཁྲོམ་ར་ནས་ཁོ་ཚོ་ཕྱིར་བསྐྲད་དེ་ཚེ་གང་པོར་སྨན་རྫས་ཐོན་སྐྱེད་གཉེར་སྐྱོང་གི་བྱེད་སྒོའི་ནང་ཞུགས་མི་ཐུབ་པར་བྱེད་དགོས། གཉིས་ནས་ས་གནས་ཁག་ལ་མཛུབ་ཁྲིད་བྱས་ཏེ་བེད་སྤྱོད་བཏང་མེད་པའི་གྱོད་འབྲེལ་རིམས་འགོག་སྨན་ཁབ་ཚང་མ་ཚུར་བསྡུས་ནས་མེད་པར་བཟོ་དགོས། སྨན་ཁབ་ཕྱིར་གཏོང་བྱས་རིགས་ལྟ་སྐུལ་ཁེ་ལས་ཀྱིས་ཚུར་བསྡུ་རྒྱུ་མ་ཟད་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་འབྲེལ་ཡོད་ཀྱི་རྒྱལ་ཁབ་ལ་དུས་ཐོག་ཏུ་བརྡ་ཁྱབ་ཀྱང་གཏོང་དགོས། གྱོད་འབྲེལ་ཁེ་ལས་ཀྱིས་ཐོན་སྐྱེད་བྱས་པའི་རིམས་འགོག་སྨན་ཁབ་གཞན་དག་ལ་བརྟག་དཔྱད་དང་ཞིབ་བཤེར་ནན་པོ་བྱས་ནས་གནད་དོན་ཡོད་པ་ཤེས་རྟོགས་བྱུང་མ་ཐག་ལམ་སེང་ཐག་གཅོད་བྱེད་དགོས། རྒྱལ་ཡོངས་ཀྱི་རིམས་འགོག་སྨན་ཁབ་ཐོན་སྐྱེད་ཁེ་ལས་46གི་སྦྲེལ་ཐག་ཡོངས་ཀྱི་ལྟ་སྐུལ་ཞིབ་བཤེར་གང་མྱུར་བྱས་ཏེ་སྤྱི་ཚོགས་ཡོངས་ལ་དུས་ཐོག་ཏུ་འབྲས་བུ་ཡོངས་བསྒྲགས་བྱེད་དགོས། གསུམ་ནས་ལྟ་སྡོམ་འགན་འཁྲིའི་བརྟག་དཔྱད་གཏིང་ཟབ་བྱེད་པ་ལས་སྙིང་རྗེ་སྤུ་ཙམ་ཡང་བྱེད་མི་རུང་། རང་འཁྲིའི་ལས་འགན་སྣང་མེད་དུ་བཏང་བ་དང་ལས་ཐོག་འགན་འཛོལ་ཤོར་རིགས་ཞིབ་བཤེར་གསལ་པོ་མཐའ་གཅིག་ཏུ་བྱེད་པ་དང་། ལྐོག་ཟ་ཁྲིམས་འགལ་དང་ཁེ་ཕན་བརྒྱུད་སྤྲོད་བྱེད་རིགས་ལ་རྡུང་རྡེག་ནན་པོ་གཏོང་བ། འགོ་ཁྲིད་ཀྱིས་འགན་འཁྲི་འཁུར་དགོས་རིགས་ལའང་ཁྲིམས་དང་གཏན་འབེབས་ལྟར་རྩད་གཅོད་ནན་པོ་བྱེད་དགོས། བཞི་ནས་གྱོད་འབྲེལ་རིམས་འགོག་སྨན་ཁབ་བརྒྱབ་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་གསལ་པོ་བྱེད་དགོས་པ་དང་། འབྲེལ་ཡོད་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་གྱིས་བཏོན་པའི་ཉེན་ཁའི་དཔྱད་དཔོག་གི་འབྲས་བུ་གཞིར་བཟུང་ཚན་རིག་དང་མཐུན་པའི་ངང་ཁ་གཏད་གཅོག་པའི་སྔོན་ཇུས་འདིང་དགོས། འབྲེལ་ཡོད་སྡེ་ཚན་གྱིས་དོན་དངོས་ལ་གཞི་ཚུགས་ཏེ་འགྲེལ་བཤད་བརྒྱབ་ནས་དུས་ཐོག་ཏུ་སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་སློག་དགོས། ལྔ་ནས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཞིབ་འཇུག་གང་མགྱོགས་བྱས་ཏེ་རིམས་འགོག་སྨན་ཁབ་ཞིབ་བཟོ་དང་། ཐོན་སྐྱེད། འཁོར་རྒྱུག བེད་སྤྱོད་བཅས་ཀྱི་བརྒྱུད་རིམ་ཡོངས་ཀྱི་ལྟ་སྡོམ་སྒྲིག་སྲོལ་གྱི་ཇུས་གཞི་སྔར་བས་འཐུས་ཚང་བཟོས་ཏེ་མང་ཚོགས་ཀྱི་སྨན་སྤྱོད་བདེ་འཇགས་འགན་ལེན་ཡོང་བའི་ཕུགས་ཕན་ལམ་སྲོལ་བཟོ་དགོས།
           ཚོགས་འདུའི་ཐོག་བསྟན་དོན། མི་དམངས་བློ་ཡིད་ཚིམས་པའི་སློབ་གསོ་ལས་དོན་ཡག་པོ་བསྒྲུབ་པར་ངེས་པར་དུ་སློབ་གསོའི་ལུགས་མཐུན་གཏོང་ཆ་འགན་ལེན་བྱེད་པ་དང་དུས་མཚུངས་འོས་འགན་སློབ་གསོ་ཉིད་མ་འཇོག་གི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་སློབ་གསོའི་གཏོང་ཆའི་གྲུབ་ཆ་ལེགས་གཏོང་དང་འདྲ་མཉམ་དང་སྤུས་ཚད་ཡོད་པའི་སློབ་གསོ་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས། ས་གནས་ཁག་གིས་ས་ཁོངས་ནང་གི་རིམ་ཁག་སློབ་གྲྭའི་སློབ་མའི་ཆ་སྙོམས་གྲོན་དངུལ་དང་ནོར་སྲིད་ནས་དངུལ་བཏང་བའི་གཞི་རྩའི་ཚད་གཞི་བཟོ་དགོས་པ་མ་ཟད་འགུལ་རྣམ་ལེགས་སྒྲིག་གི་ལམ་སྲོལ་ཡང་བཟོ་དགོས། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཁྲིད་སྟོན་གྱིས་སློབ་གསོའི་མ་དངུལ་གཏོང་ཚད་མང་དུ་གཏོང་དགོས། ནོར་སྲིད་སློབ་གསོའི་གྲོན་དངུལ་གྱི་ཉར་ཚད་མ་དངུལ་སྔོན་དུ་འགན་ལེན་བྱེད་པ་དང་འཕར་ཚད་མ་དངུལ་མང་ཆེ་བ་དེ་ཤིན་ཏུ་དབུལ་བའི་ས་ཁུལ་དང་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་ལ་རྒྱབ་སྐྱོར་བྱ་ཆེད་སྤྱོད་དགོས། ལས་རྗེས་དོ་དམ་ཉིད་ནོར་སྲིད་སློབ་གསོའི་མ་དངུལ་ཡོངས་ལ་ཁྱབ་པར་བྱེད་དགོས་པ་དང་། ཚད་གཞི་ལས་བརྒལ་བའི་ངང་རྒྱས་སྤྲོས་སློབ་གྲྭ་བསྐྲུན་རྒྱུ་གཏན་འགོག་བྱས་ཏེ་སློབ་གསོའི་གྲོན་དངུལ་གྱི་དངུལ་མཐའ་དག་འགག་རྩར་སྤྱོད་ཐུབ་པར་བྱེད་དགོས།
           ཚོགས་འདུའི་ཐོག་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་གླ་ཆ་དང་ཐོབ་ཆ་དོན་འཁྱོལ་གྱི་བརྟག་ཞིབ་ལྟ་བཤེར་གནས་ཚུལ་གྱི་སྙན་སེང་ཉན་རྗེས། ས་གནས་སྲིད་གཞུང་གི་འགན་འཁྲིར་ཤུགས་སྣོན་བརྒྱབ་ནས་འོས་འགན་སློབ་གསོའི་དགེ་རྒན་གྱི་ཆ་སྙོམས་གླ་ཆའི་ཡོང་འབབ་དེ་ཡུལ་དེ་རང་གི་གཞུང་ལས་པའི་ཆ་སྙོམས་གླ་ཆའི་ཡོང་འབབ་ཀྱི་ཆུ་ཚད་ལས་མི་དམའ་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་བྱས་ཡོད། གོང་གསལ་གྱི་བླང་བྱ་དང་མི་མཐུན་པའི་རིགས་ལ་དུས་བཀག་དག་ཐེར་གྱིས་ཚད་གཞི་ལོན་པར་བྱེད་དགོས་པ་དང་། ནོར་ཤུགས་ཅུང་ཆེ་བའི་ཞིང་ཆེན་གྱིས་ལྷག་པར་དུ་མྱུར་ཚད་མགྱོགས་སུ་གཏོང་བ་དང་། ས་གནས་ཁག་གིས་དུས་བཀག་ནང་སློབ་གསོ་པུའུ་དང་ནོར་སྲིད་པུའུ་ལ་དོན་འཁྱོལ་གྱི་གནས་ཚུལ་སྙན་སེང་ཞུས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དུས་ཡུན་འོས་འཚམ་ནང་ལྟ་སྐུལ་ཞིབ་བཤེར་བྱེད་དགོས། ཚོགས་འདུའི་ཐོག་དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་ས་ཁུལ་གྱི་ཕོགས་སྣོན་དང་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་སོགས་དུས་ཐོག་དང་འདང་ངེས་སྤྲད་ནས་འོས་འགན་སློབ་གསོའི་སློབ་གྲྭའི་འབྲིང་མཐོ་རིམ་པའི་དགེ་རྒན་ལས་གནས་ཀྱི་བསྡུར་ཚད་མཐོ་རུ་གཏོང་དགོས་པ་དང་། དགེ་རྒན་གྱི་སྒྲིག་ཁུངས་དོ་དམ་ཧ་ཅང་ཚད་ལྡན་དུ་བཏང་ནས་ཆ་རྐྱེན་དང་མཐུན་པའི་སྒྲིག་ཁུངས་སུ་མི་ཚུད་པའི་དགེ་རྒན་མགྱོགས་མྱུར་སྒྲིག་ཁུངས་སུ་ཞུགས་དགོས་པ་མ་ཟད། ལས་ཀ་འདྲ་བར་ཐོབ་ཆ་ཡང་འདྲ་པོ་སྤྲོད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།