མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།མིག་སྔའི་དཔལ་འབྱོར་དུས་བབ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་སྐོར་ལ་ཀྲུང་གུང་ཀྲུང་དབྱང་གིས་
ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་
དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་02ཉིན། 12:42】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་17ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། མིག་སྔའི་དཔལ་འབྱོར་དུས་བབ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་སྐོར་གྱི་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མིའི་བསམ་འཆར་དང་གྲོས་འགོ་ཉན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་ཇུས་འདོན་མཁན་ཡག་པོ་དང་། ལས་རོགས་ཡག་པོ། ལས་གྲོགས་ཡག་པོ་བཅས་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཐབས་ཇུས་དང་། དམངས་གཙོའི་སྒོ་ནས་ཐབས་ཇུས། ཁྲིམས་ལུགས་གཞིར་བཟུང་ཐབས་ཇུས་བཅས་ལ་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་གོའི་བྱ་བ་རྣམས་ཐུན་མོང་ཐོག་ཏུ་ལེགས་པར་སྒྲུབ་དགོས་ཞེས་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་དང་། དབང་དབྱང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་བཞུགས་མོལ་ཚོཌ་འདུར་ཕེབས་ཤིང་། ལི་ཁེ་ཆང་གིས་ལོ་སྟོད་ཀྱི་དཔལ་འབྱོར་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གིས་དགོངས་པ་བཞེས་ཚུལ་ངོ་སྤྲོད་གནང་བ་རེད།
         ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་འདི་ལོ་ཤར་ཚུན་རྒྱལ་ཁབ་ཕྱི་ནང་གི་དུས་བབ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ཟབ་མོ་བྱུང་བའི་མདུན་དུ། ཀྲུང་གུང་ཀྲུང་དབྱང་གིས་སྤྱི་ཡོངས་ལ་ལྟ་ཞིབ་དང་། ཁ་ཕྱོགས་སྟངས་འཛིན། ཁྱོན་ཡོངས་ལ་བསམ་གཞིག་བཅས་བྱས་ཤིང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱས་པ། སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་ཡོང་བ་བྱེད་དགོས་པའི་བླང་བྱ་དོན་འཁྱོལ་བྱས་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ། སྒྱུར་བཅོས་སྒོ་དབྱེའི་གོམ་སྟབས་མྱུར་དུ་སྤོས་པ། “འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ”ཡག་པོ་རྒྱག་རྒྱུར་ཤུགས་སྣོན་བརྒྱབ་པས། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པ་བཅས་ཀྱི་མི་སྣས། བརྟན་པོའི་ངང་འཕར་བ་བྱེད་དགོས་པ་དང་། སྒྱུར་བཅོས་ལ་སྐུལ་མ་གཏོང་དགོས་པ། གྲུབ་ཆ་ལེགས་སྒྲིག་བྱེད་དགོས་པ། དམངས་འཚོར་ཕན་འདོགས་དགོས་པ། ཉེན་ཁ་འགོག་དགོས་པ་བཅས་ཀྱི་བཀོད་སྒྲིག་བླང་བྱ་ཁག་ཁོང་དུ་ཡག་པོ་ཆུད་པ་བྱ་རྒྱུ་དང་། དེ་བཞིན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་། གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱ་རྒྱུ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱ་རྒྱུ་སོགས་ཀྱི་གནད་དོན་གལ་ཆེན་ལ་དམིགས་ཏེ། འཐབ་ས་དང་པོར་རྟོག་ཞིབ་བྱེད་པར་བསྐྱོད་དེ། བསམ་འཆར་དང་གྲོས་འགོ་བཏོན་ནས་ཀྲུང་གུང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པའི་ངང་ཐབས་ཇུས་གཏན་འབེབས་དང་ཇུས་གཞི་ནུས་ལྡན་ངང་ལག་བསྟར་བྱ་རྒྱུར་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད། ལྷག་པར་དུ་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་གི་འགན་འཁུར་བློ་མཐུན་གཙོ་བོས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཤིང་། རང་ངོ་མས་དབུལ་སྐྱོར་གྱི་འཐབ་ས་དང་པོར་གནས་སྡོད་རྟོག་ཞིབ་བྱེད་པར་བསྐྱོད་པ་དང་། མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞིའི་ཡིག་རིགས་ཁོང་དུ་ཆུད་པ་བྱས་པ། གཞི་རིམ་གྱི་གནས་ཚུལ་ཉན་འཇོག་བྱས་པ། དབུལ་སྒྲོལ་འགག་སྒྲོལ་གྱི་དམངས་གཙོའི་ལྟ་སྐུལ་ལས་དོན་གཏིང་ཟབ་སྤེལ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ལ། གནས་ཚུལ་གསར་པ་དང་། རྣམ་པ་གསར་པ། བྱ་ཐབས་གསར་པ་བཅས་མངོན་པར་བྱས་ཡོད་ཅེས་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་བློ་མཐུན་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
          ཞི་ཅིན་ཕིང་གིས་ལོ་སྨད་ལ་ང་ཚོས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་དགོས་ཤིང་། དཔལ་འབྱོར་དང་སྤྱི་ཚོགས་སྤྱི་ཡོངས་ནས་བརྟན་ལྷིང་ཡོང་བ་བྱེད་པའི་རྨང་གཞིའི་ཐོག་སྒྱུར་བཅོས་སྒོ་དབྱེ་དང་གྲུབ་ཆ་ལེགས་སྒྲིག་སོགས་ཀྱི་ཐད་ཡར་བརྩོན་ཧུར་ཐག་བྱེད་པ་དང་། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། སྲིད་ཇུས་ཀྱི་མཉམ་ཤུགས་ཤིག་ཆགས་པར་བྱེད་པ། ལས་དོན་ཏན་ཏིག་དང་ཞིབ་ཚགས་ངང་སྤེལ་བ། དེ་བཞིན་ལས་ཞུགས་བརྟན་པོ་དང་། དངུལ་རྩ་བརྟན་པོ། ཕྱི་ཕྱོགས་ཚོང་དོན་བརྟན་པོ། ཕྱི་ཕྱོགས་མ་རྩ་བརྟན་པོ། མ་འཇོག་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཡོང་བ་བྱེད་པ། དམངས་འཚོ་འགན་ལེན་དང་སྤྱི་ཚོགས་བརྟན་ལྷིང་གི་ལས་དོན་ཡག་པོ་སྒྲུབ་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་སྤྱི་འདོམས་ཐོག་ཡག་པོ་སྒྲུབ་པ་བཅས་བྱས་ནས། དཔལ་འབྱོར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་ཚང་མར་རེ་བ་གསུམ་བཏོན་གནང་བ་སྟེ། ཚང་མས་མིག་སྔའི་དཔལ་འབྱོར་དུས་བབ་ལ་ངོས་འཛིན་ཡང་དག་བྱས་ཏེ། མུ་མཐུད་ཡིད་ཆེས་ཆེན་པོ་དང་ཆོད་སེམས་བརྟན་པོས་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་ཆེ་རུ་གཏོང་དགོས་པ་དང་གཅིག ཚང་མས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་དང་ལས་འགན་ཁག་ལ་དམ་པོར་དམིགས་ཏེ། ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཐབས་དང་ཇུས་འདོན་དགོས་པ་དང་གཉིས། ཚང་མས་མིག་སྔར་སྤྱི་ཚོགས་ཐོག་གླེང་མང་བའི་གནད་དོན་ལ་ངོས་འཛིན་ཡང་དག་གིས་བསམ་བློའི་ཐོག་ནས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས་པ་དང་གསུམ་བཅས་སོ།