མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བདུན་པའི་ཐོག་ཆོད་སེམས་དང་
བློ་རྩ་བརྟན་དུ་གཏོང་བ་དང་། ལས་ཀའི་མཉམ་ཤུགས་ཆེ་རུ་བཏང་ནས་དམག་དཔུང་གི་རིན་ཡོད་ཞབས་ཞུ་ཕྱོགས་
ཡོངས་ནས་མཚམས་འཇོག་བྱེད་པའི་ལས་དོན་མཐའ་གཅིག་ཏུ་ལེགས་པར་སྒྲུབ་དགོས་པའི་ནན་བཤད་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་02ཉིན། 12:48】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་31ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམག་དཔུང་གི་རིན་ཡོད་ཞབས་ཞུ་ཕྱོགས་ཡོངས་ནས་མཚམས་འཇོག་བྱེད་པའི་སྐོར་ལ་མཉམ་སྡེབ་སློབ་སྦྱོང་ཐེངས་བདུན་པ་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་དམག་དཔུང་གི་རིན་ཡོད་ཞབས་ཞུ་ཕྱོགས་ཡོངས་ནས་མཚམས་འཇོག་བྱ་རྒྱུ་ནི་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱིས་དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་རྒྱུར་དམིགས་ནས་གཏན་ལ་ཕབ་པའི་ཐབས་ཇུས་གལ་ཆེན་ཞིག་དང་། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ནང་དོན་གལ་ཆེན་ཞིག་རེད། དེར་བརྟེན། ཆོད་སེམས་དང་བློ་རྩ་བརྟན་དུ་གཏོང་བ་དང་། གསར་གཏོད་ཚད་བརྒལ་ལ་ཤུགས་སྣོན་རྒྱག་པ། ཧུར་བརྩོན་བརྟན་བརླིང་མཐའ་འཁྱོངས་བྱེད་པ། ལས་ཀའི་མཉམ་ཤུགས་ཆེ་རུ་གཏོང་བ། ཤོར་ཁ་མི་ཐོན་པ་དང་། སླ་བཅོས་མི་བྱེད་པ། བབ་བསྟུན་མི་བྱེད་པ། དམག་དཔུང་གི་རིན་ཡོད་ཞབས་ཞུ་ཕྱོགས་ཡོངས་ནས་མཚམས་འཇོག་གི་ལས་དོན་མཐའ་གཅིག་ཏུ་ལེགས་པར་སྒྲུབ་པ་བཅས་བྱས་ནས་དུས་རབས་གསར་པར་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ཆེད་ཆ་རྐྱེན་བཟང་པོ་བསྐྲུན་དགོས་པའི་ནན་བཤད་གནང་བ་རེད།
           ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་ཞིང་། ཁོང་གིས་དེ་རིང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་གི་ནང་དོན་ནི་དམག་དཔུང་གི་རིན་ཡོད་ཞབས་ཞུ་ཕྱོགས་ཡོངས་ནས་མཚམས་འཇོག་བྱ་རྒྱུ་དེ་རེད། སློབ་སྦྱོང་དེ་འདྲ་ཞིག་བཀོད་སྒྲིག་བྱེད་པའི་དམིགས་ཡུལ་ནི་དམག་དཔུང་གི་རིན་ཡོད་ཞབས་ཞུ་ཕྱོགས་ཡོངས་ནས་མཚམས་འཇོག་བྱེད་པའི་ལས་ཀའི་གནས་ཚུལ་ཤེས་རྟོགས་དང་། ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་བྱས་ནས་ལས་དོན་དེར་སྐུལ་འདེད་དེ་བས་ལེགས་པ་གཏོང་རྒྱུ་དེ་ཡིན་ཞེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་ལོ་གཉིས་ལྷག་ཙམ་རིང་། འབྲེལ་ཡོད་ཕྱོགས་ཁག་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་ལེན་བསྟར་བ་དང་། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱེད་པ། ནུས་ཤུགས་གཅིག་སྡུད་ཀྱིས་འགག་སྒྲོལ་དཀའ་སེལ་བྱེད་པ་བཅས་བྱས་པས་དམག་དཔུང་གི་རིན་ཡོད་ཞབས་ཞུ་ཕྱོགས་ཡོངས་ནས་མཚམས་འཇོག་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་དམག་དཔུང་གིས་གཉེར་སྐྱོང་བྱེད་སྒོ་མི་སྤེལ་བའི་དམིགས་ཚད་སྤྱིར་ན་མངོན་འགྱུར་ཐུབ་ཡོད། ལས་དོན་དེ་སྤེལ་བ་བརྒྱུད་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ཕྱོགས་ཡོངས་ནས་དམག་དཔུང་ནན་པོ་སྐྱོང་རྒྱུར་སྐུལ་འདེད་ནུས་ལྡན་ཐུབ་པ་དང་། དཔུང་སྡེས་དམག་གྲབས་དམག་རྒྱག་གི་ལས་སྒོ་གཙོ་བོར་དམིགས་རྒྱུར་སྐུལ་འདེད་ནུས་ལྡན་ཐུབ་པ། དམག་སྲིད་དང་དམག་དམངས་དབར་གྱི་མཐུན་སྒྲིལ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་སྲུང་སྐྱོང་ནུས་ལྡན་ཐུབ་པ་བཅས་བྱུང་ཡོད། དམག་དཔུང་གི་རིན་ཡོད་ཞབས་ཞུ་ཕྱོགས་ཡོངས་ནས་མཚམས་འཇོག་བྱེད་པའི་ཆབ་སྲིད་ཀྱི་ཕན་ནུས་དང་། དམག་དོན་གྱི་ཕན་ནུས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་ནུས་བཅས་དུས་ཀྱི་འཁོར་ཕྱོགས་དང་བསྟུན་ནས་རྒྱུན་ཆད་མེད་པར་མངོན་འགོ་ཚུགས་ཡོད། དོན་དངོས་ལས་ར་འཕྲོད་བྱུང་གསལ། དམག་དཔུང་གི་རིན་ཡོད་ཞབས་ཞུ་ཕྱོགས་ཡོངས་ནས་མཚམས་འཇོག་བྱེད་པ་དེས་དཔུང་སྡེའི་ཆབ་སྲིད་ཀྱི་ཁོར་ཡུག་དྭངས་གཙང་ཡོང་བ་དང་། རང་དམག་གི་ངོ་བོ་དང་རང་བཞིན་རྒྱུན་འཁྱོངས་བྱེད་པ། ཏང་གི་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་བྱེད་པ། མི་དམངས་དམག་དཔུང་འདི་ཉིད་འཛམ་གླིང་གི་རྩེར་སོན་དམག་དཔུང་ལ་ཕྱོགས་ཡོངས་ནས་འཛུགས་སྐྱོང་བྱེད་པ། ཏང་གི་སྲིད་འཛིན་གནས་བབ་སྲ་བརྟན་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་བྱེད་པ་བཅས་ཀྱི་ངོས་ནས་བརྗོད་ཚེ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
           ཞི་ཅིན་ཕིང་གིས་གཏན་ལ་ཕབ་པའི་བཀོད་སྒྲིག་གཞིར་བཟུང་། དམག་དཔུང་གི་རིན་ཡོད་ཞབས་ཞུ་ཕྱོགས་ཡོངས་ནས་མཚམས་འཇོག་བྱེད་རྒྱུ་དེ་2018ལོའི་ལོ་མཇུག་གོང་ལེགས་གྲུབ་ཐུབ་པར་བྱེད་དགོས། མིག་སྔར། འབྲེལ་ཡོད་ལས་དོན་སྤེལ་ཕྱོགས་སྤྱིའི་ཆ་ནས་ཡག་པོ་ཡོད་མོད། འོན་ཀྱང་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་ལ་ལྕི་པོ་ཡོད། དུས་བསྟུན་མདུན་སྐྱོད་དང་། དཀའ་ངལ་སྔོན་བསུ། མགོ་ཡོད་མཇུག་ཡོད། ལས་དོན་སྤེལ་མཁས་པོ་བཅས་ཀྱི་ཐོག་ནས་ང་ཚོས་གཏན་འཁེལ་བྱས་པའི་དམིགས་ཚད་དུས་བཀག་བཞིན་མངོན་འགྱུར་བྱེད་དགོས་པའི་ནན་བཤད་གནང་བ་རེད།