མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ། དེང་སྐབས་ཀྱི་དཔལ་འབྱོར་དུས་བབ་དང་
དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་དང་《ཀྲུང་གོ་གུང་ཁྲན་ཏང་གི་
སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་》ལ་གྲོས་ཞིབ་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་02ཉིན། 12:51】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་31ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ་དེང་སྐབས་ཀྱི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བྱས་པ་དང་《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་》ལ་གྲོས་ཞིབ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
          ཚོགས་འདུའི་ཐོག་ངོས་འཛིན་གནང་དོན། འདི་ལོ་ནས་བཟུང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དོན་འཁྱོལ་བྱས་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱ་རྒྱུ་གཙོ་རྐང་དུ་བྱས་ཏེ་ཉེན་ཁ་འགངས་ཆེན་ལ་དོགས་ཟོན་དང་སེལ་བ་དང་། གནད་སྨིན་དབུལ་སྒྲོལ། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ནུས་ཤུགས་ཡོད་རྒུས་ཡག་པོ་བརྒྱབ་ནས་སྒྱུར་བཅོས་སྒོ་དབྱེའི་གོམ་སྟབས་མགྱོགས་སུ་བཏང་ཐོག་ལོ་སྟོད་དུ་དཔལ་འབྱོར་སྤྱི་ཡོངས་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། གཙོ་བོ་ནི་སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་གྱི་སྟོན་རྟགས་ལུགས་མཐུན་གྱི་བར་མཚམས་སུ་གནས་པ་དང་། དཔལ་འབྱོར་གྲུབ་ཆ་རྒྱུན་སྲིང་ངང་ལེགས་སུ་ཕྱིན་པ། དངུལ་རྩའི་ཉམས་ཉེན་ལ་དོགས་ཟོན་དང་སེལ་བའི་ཐད་ཕན་འབྲས་རགས་ཙམ་ཐོན་པ། སྣོད་བཅུད་ཁོར་ཡུག་ལེགས་སུ་སོང་བ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་ཕྱིན་པ་བཅས་རེད།
         ཚོགས་འདུའི་ཐོག་བསྟན་གནང་དོན། དེང་སྐབས་ཀྱི་དཔལ་འབྱོར་འཁོར་རྒྱུག་བྱ་རྒྱུ་བརྟན་ཐོག་འགྱུར་ལྡོག་ཕྱིན་པ་དང་གནད་དོན་གསར་པ་ཁ་ཤས་དང་འགྲན་སློང་གསར་པ་ཁ་ཤས་འཕྲད་སྐབས་ཕྱི་ཕྱོགས་ཀྱི་ཁོར་ཡུག་མངོན་གསལ་དོད་པོས་འགྱུར་ལྡོག་ཕྱིན་ཡོད། འགལ་ཟླ་གཙོ་བོ་དམ་འཛིན་བྱས་ཏེ་དམིགས་སའི་རང་བཞིན་ཤུགས་ཆེ་བའི་བྱེད་ཐབས་སྤྱད་དེ་ཐག་གཅོད་བྱེད་དགོས། ལོ་སྨད་དུ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་ཡོང་བ་རྒྱུན་འཁྱོངས་བྱས་ཏེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང“འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ”ཡག་པོ་བརྒྱབ་ནས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མགྱོགས་མྱུར་སྐྲུན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བ་ཞིག་ཡོད། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་དཔལ་འབྱོར་འཁོར་རྒྱུག་བྱ་རྒྱུ་ལུགས་མཐུན་གྱི་བར་མཚམས་སུ་གནས་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་སྲིད་ཇུས་ཀྱི་མཉམ་ཤུགས་ཆགས་པ་དང་། གནད་སྨིན་ཇུས་འདོན་བྱེད་པ། ལས་ཀ་ཏན་ཏིག་དང་ཞིབ་ཚགས་སྤེལ་བ་བཅས་བྱེད་དགོས།
         ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། དང་པོ། དཔལ་འབྱོར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་བབ་བརླིང་ལྡན་པའི་དངུལ་ལོར་སྲིད་ཇུས་ལག་བསྟར་མཐའ་འཁྱོངས་ཀྱིས་སྲིད་ཇུས་ཀྱི་སྔ་བལྟས་ཕྱི་བསམ་གྱི་རང་བཞིན་དང་། བབ་བསྟུན་རང་བཞིན། ནུས་ལྡན་རང་བཞིན་བཅས་ཤུགས་ཆེར་གཏོང་དགོས། 
         ནོར་སྲིད་སྲིད་ཇུས་ཀྱིས་ནང་མཁོ་རྒྱ་ཆེར་གཏོང་བ་དང་གྲུབ་ཆ་ལེགས་སྒྲིག་བྱེད་པའི་ཐད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་དགོས་པ་དང་། དངུལ་ལོར་མཁོ་སྤྲོད་ཀྱི་སྤྱིའི་འགག་སྒོ་ནན་པོ་བསྲུངས་ཏེ་སྐོར་བསྐྱོད་རང་བཞིན་ལུགས་མཐུན་དང་འབེལ་འབེལ་ལྷུག་ལྷུག་ཡོང་བ་བྱེད་དགོས། ལས་ཞུགས་བརྟན་པོ་དང་། དངུལ་རྩ་བརྟན་པོ། ཕྱི་ཕྱོགས་ཚོང་དོན་བརྟན་པོ། ཕྱི་ཕྱོགས་མ་རྩ་བརྟན་པོ། མ་འཇོག་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་ཀྲུང་གོར་ཡོད་པའི་ཕྱི་ཕྱོགས་ཀྱི་མ་འཇོག་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་པ་དང་། གཉིས་པ། ཞན་ཆ་གསབ་རྒྱུ་དེ་དེང་སྐབས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་བྱེད་པའི་ལས་འགན་གཙོ་གནད་ལ་བརྩིས་ཏེ་རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་ཀྱི་ཞན་ཆ་གསབ་ཤུགས་ཆེ་རུ་གཏོང་བ་དང་། གསར་གཏོད་ནུས་པ་ཆེ་རུ་དང་སྒུལ་ནུས་གསར་པ་འཕེལ་རྒྱས་གཏོང་བ། ཐོན་ནུས་འདོར་སྒྱུར་ལམ་ལུགས་ཀྱི་འགོག་རྐྱེན་སེལ་བ། ཁེ་ལས་ཀྱི་མ་གནས་དམའ་རུ་གཏོང་བ་བཅས་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཡག་པོ་བྱེད་དགོས་པ། གསུམ་པ། དངུལ་རྩའི་ཉེན་ཁར་དོགས་ཟོན་དང་སེལ་ནས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་རྒྱུར་དེ་བས་ཟུང་འབྲེལ་ཡག་པོ་བྱས་ཏེ་བློ་རྩ་བརྟན་པོས་འགྱོགས་མདའ་མེད་པ་བཟོ་བའི་ལས་དོན་ཡག་པོ་སྤེལ་བ་དང་། ཤུགས་ཚད་དང་མྱུར་ཚད་སྟངས་འཛིན་ཡག་པོ་བྱེད་པ། སྲིད་ཇུས་ཁག་འདོན་པའི་གོ་སྐབས་དང་མཐུན་སྦྱོར་ཡག་པོ་བྱེད་དགོས། ལམ་སྲོལ་གསར་གཏོད་བྱས་པ་བརྒྱུད་དངུལ་རྩའི་ཞབས་ཞུའི་དངོས་ཚན་དཔལ་འབྱོར་གྱི་ནུས་པ་དང་འདུན་པ་ཆེ་རུ་གཏོང་དགོས་པ། བཞི་པ། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་སྟེ་སྤྱོད་གོ་ཆོད་པ་དང་ཕན་ནུས་ཐོན་པའི་སྒྱུར་བཅོས་བྱེད་ཐབས་གལ་ཆེན་ཁག་གཅིག་མུ་མཐུད་ཞིབ་འཇུག་བྱས་ནས་འདོན་དགོས་པ་དང་སྒོ་དབྱེ་རྒྱ་ཆེ་དང་ཁྲོམ་རའི་ཆོག་འཐུས་ལྷུག་གཏོང་ཆེན་པོ་བྱེད་པའི་བྱེད་ཐབས་གལ་ཆེན་དོན་འཁྱོལ་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་ཐོག་སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཞིབ་ཚགས་ལ་ཡག་པོ་གཉེར་དགོས་པ། ལྔ་པ། ས་ཁང་བདག་ཁོངས་ཀྱི་ཁྲོམ་རའི་གནད་དོན་བློ་ཐག་ཆོད་པོས་ཐག་གཅོད་ཡག་པོ་བྱས་ཏེ་གྲོང་ཁྱེར་ལ་བསྟུན་ནས་ཇུས་འདོན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མཁོ་སྤྲོད་དང་དགོས་མཁོ་དོ་སྙོམས་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། སྔོན་དཔག་ལ་ལུགས་མཐུན་ངང་ཁྲིད་སྟོན་བྱེད་པ། ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་བྱེད་པ། ཁང་གོང་འཕར་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་ས་ཁང་བདག་ཁོངས་ཀྱི་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཕུགས་ཕན་ལམ་སྲོལ་མགྱོགས་མྱུར་འཛུགས་དགོས་པ། དྲུག་པ། དམངས་འཚོ་འགན་ལེན་དང་སྤྱི་ཚོགས་བརྟན་ལྷིང་ལས་དོན་ཡག་པོ་སྤེལ་ནས་ལས་ཞུགས་བརྟན་པོ་ཡོང་བ་བྱ་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ་གླ་ཆ་དང་། སློབ་གསོ། སྤྱི་ཚོགས་འགན་བཅོལ་སོགས་གཞི་རྩའི་དམངས་འཚོའི་གཏོང་སྒོ་འགན་ལེན་བྱེད་པ་དང་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཤུགས་ཆེན་སྤེལ་ནས་སྤྱི་ཚོགས་བརྟན་ལྷིང་གི་ལས་དོན་ཏན་ཏིག་དང་། ཞིབ་ཚགས། གཏིང་ཟབ་སྤེལ་དགོས་པ་བཅས་རེད།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་ཏན་ཏིག་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་བཏང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གི་འཐབ་ཇུས་བཀོད་སྒྲིག་ཁག་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་དགོས་པ་དང་སེམས་ནུས་ཡོད་རྒུས་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས།
         ཚོགས་འདུའི་ཐོག་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པས་ཏང་ལ་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་ཡོད་དགོས་པ་དང་ངེས་པར་དུ་སྒྲིག་ཁྲིམས་ནན་པོར་བརྟེན་ནས་འགན་ལེན་བྱེད་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པས་སྒྲིག་ཁྲིམས་འཛུགས་སྐྱོང་བྱེད་རྒྱུ་དེ་ཏང་འཛུགས་སྐྱོང་གི་སྤྱིའི་བཀོད་ཇུས་ནང་བཅུག་ནས་ཏང་གི་སྒྲིག་ཡིག་ནང་གི་སྒྲིག་ཁྲིམས་འཛུགས་སྐྱོང་བྱེད་པའི་འབྲེལ་ཡོད་ནང་དོན་འཐུས་སྒོ་ཚང་དུ་གང་ལེགས་བཏང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་སྒྲིག་ཁྲིམས་འཛུགས་སྐྱོང་བྱེད་པའི་རིགས་པའི་གཞུང་ལུགས་དང་། ལག་ལེན། ལམ་ལུགས་གསར་གཏོད་བཅས་ཀྱི་གྲུབ་འབྲས་ཕྱོགས་སྡོམ་བྱས་ནས་ཏང་གི་སྒྲིག་སྲོལ་དང་ཏང་གི་སྒྲིག་ལམ་དུ་འགྱུར་བ་བྱེད་དགོས། སྲོལ་ཡིག་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་གི་སྒྲིག་ཡིག་རྩ་བའི་བརྩི་སྲུང་ཞུ་སར་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་དང་། ཏང་གི་སྒྲིག་ཡིག་དང་དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་ཞིག་སོགས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གྱི་བླང་བྱ་ཞིབ་ཕྲ་ཅན་དུ་བཟོས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཁྲོད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་ལམ་ལུགས་ཀྱི་རླུང་ཙི་དམ་དུ་བཏང་སྟེ་ལམ་ལུགས་དུས་བསྟུན་འཕེལ་རྒྱས་ཡོང་བ་བྱས་པ་བཅས་རེད།
         ཚོགས་འདུའི་ཐོག ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་བྱེད་པའི་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན། དམིགས་བསལ་རང་བཞིན་བཅས་ཆེ་རུ་ཧུར་ཐག་བཏང་སྟེ་འགན་འཁྲི་ཁྲིད་སྟོན་དུ་བྱེད་པ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་ཕན་ཚུན་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་སྒྲིག་ཁྲིམས་ནན་པོའི་ཐོག་ནས་ཏང་ཡོངས་ལ་དོ་དམ་བྱེད་པ་དང་ཏང་ཡོངས་བཅོས་སྐྱོང་བྱེད་དགོས། ཏང་གི་སྒྲིག་ཁྲིམས་ཁྲོད་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནི་གལ་ཆེ་ཤོས་དང་། ཆེས་རྩ་བ། ཆེས་འགག་རྩ་བཅས་རེད། “འདུ་ཤེས་བཞི”བརྟན་པོ་བཙུགས་ནས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བ་དང་། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས་ཏང་གིས་སྲིད་སྐྱོང་བའི་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། སྒྲིག་ཁྲིམས་ལག་བསྟར་བྱེད་པ་དང་བཅའ་ཁྲིམས་ལག་བསྟར་བྱེད་རྒྱུ་སྦྲེལ་མཐུད་བྱས་ཏེ་སྒྲིག་ཁྲིམས་དང་བཅའ་ཁྲིམས་ཀྱི་ཚད་གཞིར་ནན་པོ་གཞིགས་ཏེ་བཅའ་ཁྲིམས་ལས་སྒྲིག་ཁྲིམས་དམ་པ་དང་སྒྲིག་ཁྲིམས་དང་བཅའ་ཁྲིམས་མཐུན་སྦྱོར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱུན་གཏན་གྱི་དོ་དམ་དང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་སྔ་ཙམ་དམ་འཛིན་དང་ཆུང་ཙག་ནས་དམ་འཛིན་བྱས་ཏེ་རྐྱེན་ཆུང་ཐོག་ནས་སེལ་དགོས། སྒྲིག་ཁྲིམས་ལ་དམ་འཛིན་བྱས་ནས་ཏང་ཡོན་ལས་བྱེད་པར་ནོར་འཁྲུལ་དེ་བས་ཆེ་བ་མི་ཐོན་པ་བྱ་རྒྱུ་དེའང་ལས་བྱེད་པར་གཅེས་སྐྱོང་ཆེ་ཤོས་བྱས་པ་ཞིག་ཡིན་པས་སྒྲིག་ཁྲིམས་ལག་བསྟར་ནན་པོའི་ཐོག་ནས་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་ལྷག་བསམ་རྣམ་དག་དང་འགན་འཁྲི་ཁུར་སེམས་ལ་ཚོད་བགམ་བྱེད་དགོས། ངེས་པར་དུ་སྒྲིག་ཁྲིམས་ནན་པོ་སྲུང་དགོས་པ་དང་སྒྲིག་ཁྲིམས་ལས་འགལ་ཚེ་ངེས་པར་དུ་རྩད་གཅོད་ནན་པོ་བྱེད་པའི་རྒྱུན་རྣམ་ཅན་གྱི་གྲུབ་འབྲས་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་པ་དང་ནུས་ཤུགས་ཡོད་རྒུས་ལམ་ལུགས་འཛུགས་པ་དང་། སྒྲིག་ལམ་བཟོ་བ། དོན་འཁྱོལ་ལ་དམ་འཛིན་བྱེད་པ། ལག་བསྟར་ལ་སྣང་ཆེན་བྱེད་པ་བཅས་བྱས་ཏེ་ལམ་ལུགས་དམ་པོ་དང་སྒྲིག་ཁྲིམས་ནན་པོ་ཡོང་བ་བྱས་ཏེ་སྒྲིག་ཁྲིམས་འཛུགས་སྐྱོང་གི་རྩ་ལག་མཉམ་བཅོས་ཀྱི་སྤུ་གྲིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བཙན་ཞིང་ནན་པའི་སྒྲིག་ཁྲིམས་དེ་ཏང་ཡོན་ལས་བྱེད་པའི་རྒྱུན་གཏན་གྱི་གོམས་གཤིས་དང་རང་རྟོགས་ཀྱིས་བརྩི་སྲུང་ཞུ་ས་ཞིག་ཏུ་དངོས་འབྲེལ་འགྱུར་བ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
         ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ཞིབ་འཇུག་བྱས་པ་རེད།