མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་བློ་མཐུན་ཝང་ཅིས་ཚའེ་ཡི་སྔོན་ཐོན་བྱས་རྗེས་ལ་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་08ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

            མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་བློ་མཐུན་ཝང་ཅིས་ཚའེ་ཡི་སྔོན་ཐོན་བྱས་རྗེས་ལ་མཛུབ་སྟོན་གལ་ཆེན་གནང་སྐབས་བློ་མཐུན་ཝང་ཅིས་ཚའེ་ཡིས་གླིང་ཕྲན་སྲུང་བ་དང་རྒྱལ་ཁབ་སྲུང་སྐྱོབ་བྱས་ནས་ལོ་32སོང་རིང་གནོང་འགྱོད་དང་འཁང་ར་སྤུ་ཙམ་ཡང་མེད་པར་བརྟན་སྲུང་དང་བློས་མང་པོ་བཏང་ནས་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་མི་ཚེའི་བཀྲག་མདངས་འཚེར་བའི་ལེའུ་བརྩམས་ཡོད། ང་ཚོས་རྒྱལ་གཅེས་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་དུས་རབས་གསར་པའི་འབད་འཐབ་པའི་རིན་ཐང་བརྩོན་ལེན་བྱ་ཡུལ་དུ་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
              ཞི་ཅིན་ཕིང་གིས་བློ་མཐུན་ཝང་ཅིས་ཚའེ་ཡི་ནང་མིར་འབྲེལ་ཡོད་ཕྱོགས་ཀྱིས་སེམས་ཁུར་དང་འཚམས་འདྲི་ཞུ་དགོས། བློ་མཐུན་ཝང་ཅིས་ཚའེ་དང་འདྲ་བའི་དུས་ཡུན་རིང་པོའི་ནང་དཀའ་ཚེགས་ཆེ་བའི་ལས་གནས་ཐོག་ལེགས་སྐྱེས་འབུལ་མཁན་བློ་མཐུན་ལ་རིམ་ཁག་རྩ་འཛུགས་ཀྱིས་རང་འགུལ་ངང་ཁོང་ཚོར་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱེད་པ་དང་བསམ་བློ་དང་། ལས་དོན། འཚོ་བ་བཅས་ཀྱི་ཐད་ཐུགས་ཁུར་དང་གཟིགས་སྐྱོང་དེ་བས་མང་བ་བྱེད་དགོས་ཞེས་གསུངས་པ་རེད།
       ཝང་ཅིས་ཚའེ་འཚོ་བཞུགས་སྐབས་ནི་ཅང་སུའུ་ཞིང་ཆེན་ཀོན་ཡུན་རྫོང་ཁའེ་ཧྲན་གླིང་ཕྲན་ཡུལ་དམག་སོ་ལྟ་ཁང་གི་སུའོ་ཀྲང་ཡིན། ཁའེ་ཧྲན་གླིང་ཕྲན་དེ་རང་རྒྱལ་གྱི་ཧོང་ཧའེ་རྒྱ་མཚོའི་མདུན་ཕྱོགས་སུ་གནས་པ་དང་རྒྱ་ཁྱོན་རྐང་རྩེད་སྤོ་ལོ་ཐང་གཉིས་ཙམ་ལས་མེད་ཀྱང་འཐབ་ཇུས་གནས་བབ་གལ་འགངས་ཧ་ཅང་ཆེན་པོ་ཡོད། 1985ལོར་དཔུང་སྡེ་སྒྲིག་ཁོངས་ནས་ཕྱིར་འཐེན་རྗེས་ཡུལ་དམག་སོ་ལྟ་ཁང་བཙུགས་མོད། འོན་ཀྱང་ཆ་རྐྱེན་དཀའ་ཚེགས་ཆེ་བས་སྔ་རྗེས་སུ་གླིང་ཕྲན་སྲུང་མཁན་ཡུལ་དམག་10ལྷག་ཙམ་དེར་སོང་རུང་ཡུན་རིང་ལས་གནས་བརྟན་སྲུང་ཐུབ་མེད། 1986ལོར་ལོ་26ལ་སླེབས་པའི་ཝང་ཅིས་ཚའེ་ཡིས་གླིང་ཕྲན་སྲུང་བའི་ལས་འགན་དང་ལེན་བྱས་པ་དེ་ནས་བཟུང་བཟའ་ཟླ་དང་མཉམ་དུ་ཆུ་དང་གློག་མེད་པ་དང་རྩི་ཤིང་ཡང་གསོན་མི་ཐུབ་པའི་ཁེར་ཆགས་གླིང་ཕྲན་སྐད་གྲགས་མེད་པར་བརྟན་སྲུང་བྱས་ཏེ་ལང་ཚོ་མེས་རྒྱལ་གྱི་མཚོ་འགོག་བྱ་གཞག་ལ་སྐྱེས་སུ་ཕུལ་ཡོད། 2014ལོར་ཝང་ཅིས་ཚའེ་ཁྱོ་ཤུག་གཉིས་པོ་རྒྱལ་ཡོངས་ཀྱི“དུས་རབས་ཀྱི་མིག་དཔེར”བདམས་པ་དང་འདི་ལོའི་ཟླ་7ཚེས་27ཉིན་ཝང་ཅིས་ཚའེ་ལས་སྒྲུབ་བྱེད་སྐབས་གློ་བུར་དུ་ནད་གཞི་ལངས་ནས་མྱུར་སྐྱོབ་བྱས་ཀྱང་ཕན་ནུས་མ་ཐོན་པར་ཚེ་ལས་འདས་པ་དང་ལོ་58ལས་སླེབས་ཀྱི་མེད་པ་རེད།