ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨན་ནན་སྐུ་གཤེགས་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེར་འཚམས་འདྲིའི་
གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་22ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

            མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་20ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཟུར་པ་ཨན་ནན་སྐུ་གཤེགས་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སིར་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད། ཞི་ཅིན་ཕིང་གིས་ཨན་ནན་སྟབས་མ་ལེགས་པར་སྐུ་གཤེགས་པར་མྱ་ངན་ཟབ་མོ་ཞུས་པ་དང་ཆབས་ཅིག་ཨན་ནན་གྱི་ནང་མི་དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུས་གནང་བ་རེད།
            ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་སྐུ་ཞབས་ཨན་ནན་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་པ་ཞིག་རེད། ཁོང་གིས་ལས་འགན་འཁུར་རིང་ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་ཡོད། སྐུ་ཞབས་ཨན་ནན་ནི་འཛམ་གླིང་ལ་སྐད་གྲགས་ཆོད་པའི་རྒྱལ་སྤྱིའི་བྱེད་སྒོ་སྤེལ་མཁས་ཅན་ཞིག་རེད། ཁོང་གིས་ཐོག་མཐའ་བར་གསུམ་དུ་ཕྱོགས་མང་རིང་ལུགས་དར་སྤེལ་ཧུར་ཐག་གཏོང་བ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་པར་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་བཏང་སྟེ་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཆེད་གཟེངས་སུ་ཐོན་པའི་ལེགས་སྐྱེས་ཕུལ་ཡོད་པ་རེད། སྐུ་ཞབས་ཨན་ནན་ནི་ཨ་ཧྥེ་རི་ཁའི་མི་དམངས་ཀྱི་ཕུལ་དུ་བྱུང་བའི་ཚབ་མཚོན་པ་ཞིག་རེད། ཁོང་ཨ་ཧྥེ་རི་ཁ་ནས་ཕེབས་པ་དང་ཨ་ཧྥེ་རི་ཁར་ཐུགས་སེམས་བཅངས་ཏེ་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥེ་རི་ཁར་དོ་ཁུར་དང་གཏོང་ཆ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་གསུངས།
           ཞི་ཅིན་ཕིང་གིས་དེང་སྐབས་ཀྱི་འཛམ་གླིང་བརྟན་ལྷིང་མེད་པ་དང་གཏན་འཁེལ་མེད་པའི་རྒྱུ་རྐྱེན་མང་དུ་འགྲོ་བའི་དུས་བབ་འོག་སྐུ་ཞབས་ཨན་ནན་གྱིས་དར་སྤེལ་ཧུར་ཐག་བཏང་བའི་ཕྱོགས་མང་རིང་ལུགས་ཐད་དམིགས་བསལ་གྱི་དོན་སྙིང་དངོས་ལྡན་པས་ཁོང་གི་འབད་འཐབ་དང་ལེགས་སྐྱེས་ལ་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་རྗེས་དྲན་ཞུ་རྒྱུ་རེད་ཅེས་གསུངས།