ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་མ་ལེ་ཞི་ཡའི་ཙུང་ལི་མ་ཧ་ཏིར་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་22ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཞི་ཅིན་ཕིང་གིས་མ་ལེ་ཞི་ཡའི་ཙུང་ལི་མ་ཧ་ཏིར་དང་མཇལ་འཛོམས་གནང་བ།

           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་མ་ལེ་ཞི་ཡའི་ཙུང་ལི་མ་ཧ་ཏིར་དང་མཇལ་འཛོམས་གནང་བ་རེད།
            ཞི་ཅིན་ཕིང་གིས་མ་ཧ་ཏིར་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ་མ་ལེ་ཞི་ཡའི་སྲིད་གཞུང་གསར་པ་དང་ཙུང་ལི་མ་ཧ་ཏིར་སྐུ་ངོ་མས་ཀྲུང་གོ་དང་མ་ལེ་ཞི་ཡའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་གནང་བ་དང་། མ་ཧ་ཏིར་གྱིས་ཀྲུང་གོ་འདི་ཉིད་འཕེལ་རྒྱས་ཀྱི་གོ་སྐབས་སུ་བརྩིས་པ་དང་སྦྲགས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་རྒྱབ་སྐྱོར་གནང་བ། མ་ཧ་ཏིར་གྱིས་ཨེ་ཤེ་ཡའི་ས་ཁོངས་མཉམ་ལས་ལ་ལེགས་སྐྱེས་གལ་ཆེན་ཕུལ་བ་བཅས་ལ་བསྔགས་བརྗོད་གནང་བ་རེད།
            ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། མིག་སྔར་ཀྲུང་གོ་དང་མ་ལེ་ཞི་ཡའི་འབྲེལ་བ་ལོ་རྒྱུས་ཀྱི་ཁ་ཕྱོགས་གལ་ཆེན་གསར་པར་གནས་ཡོད། ཀྲུང་གོས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱེད་བཞིན་ཡོད་པ་དང་། མ་ལེ་ཞི་ཡས“མ་ལེ་ཞི་ཡ་གསར་པ”འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་འབྱེད་བཞིན་ཡོད། སྐུ་ཞབས་ཙུང་ལིས་ལོ་མང་རིང“ཨེ་ཤེ་ཡའི་རིན་ཐང་ལྟ་བ”དར་སྤེལ་བཏང་བ་དང་རང་ཚུགས་རང་བདག་གི་འདོད་ཚུལ་བཟུང་ནས་ཨེ་ཤེ་ཡ་ཤར་མའི་མཉམ་ལས་ལ་སྐུལ་འདེད་བཏང་ཐོག་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཡོད། ཨེ་ཤེ་ཡའི་འབུར་ཐོན་གྱི་རྐང་འཛིན་སྟོབས་ཤུགས་གཅིག་མཚུངས་ཡིན་པའི་ཆ་ནས་ཀྲུང་གོ་དང་མ་ལེ་ཞི་ཡ་གཉིས་ནི་ཕན་ཚུན་འཕེལ་རྒྱས་ཀྱི་གོ་སྐབས་དང་མཉམ་ལས་རོགས་ཟླ་གལ་ཆེན་ཡིན། ཕྱོགས་གཉིས་པོས་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་དེ་བས་ཡག་པ་འགྲོ་རྒྱུར་སྣེ་ཁྲིད་བྱས་ནས་ཨེ་ཤེ་ཡ་དར་རྒྱས་དང་འཛམ་གླིང་ཡར་ཐོན་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།
           ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་གཉིས་པོས་མཛའ་གྲོགས་རྒྱུན་འཁྱོངས་བྱས་ནས་མཉམ་ལས་བྱེད་ཟབ་ཏུ་གཏོང་དགོས། མ་ལེ་ཞི་ཡ་ནི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་བཙུགས་རྗེས་ཀྲུང་གོ་དང་འབྲེལ་བ་འཛུགས་སྔ་ཤོས་ཀྱི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་ཅིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་མ་ལེ་ཞི་ཡའི་མཛའ་མཐུན་རྒྱུན་འཁྱོངས་ཡག་པོ་བྱེད་བཞིན་ཡོད་པས་དུས་སྐབས་གསར་པར་ཀྲུང་གོ་དང་མ་ལེ་ཞི་ཡའི་འབྲེལ་བ་འཕེལ་རྒྱས་ཆེན་པོ་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད། ཕན་ཚུན་བརྩི་འཇོག་དང་། མཛའ་མཐུན་གྲོས་མོལ་གྱི་རྩ་དོན་ལ་གཞིགས་ནས་གནས་པའི་གནད་དོན་ལ་ལྟ་སྟངས་འོས་འཚམ་འཛིན་པ་དང་། མཛའ་མཐུན་མཉམ་ལས་ཀྱི་ཁ་ཕྱོགས་ཆེན་པོ་མཐའ་འཁྱོངས་བྱས་ཏེ་གཉིས་ཁེ་གཉིས་ཕན་ཡོང་བར་བྱེད་དགོས། ཨེ་ཤེ་ཡར་གཞི་ཚུགས་པ་དང་། འཛམ་གླིང་ལ་ཕྱོགས་པ། འཐབ་ཇུས་རང་ཚུགས་མཐའ་འཁྱོངས་བཅས་བྱས་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཉམ་ལས་ཀྱི་སྤུས་ཚད་མཐོ་རུ་བཏང་ཐོག་ཨེ་ཤེ་ཡ་ཤར་མའི་དཔལ་འབྱོར་གྱི་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས། ལྷོ་ལྷོ་མཉམ་ལས་ལ་གསོན་ཤུགས་གསར་པ་འཕེལ་བར་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་དགོས། དར་ཆ་གསལ་སྟོན་གྱི་སྒོ་ནས་ཕྱོགས་རྐྱང་རིང་ལུགས་དང་ཉོ་ཚོང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་དགོས།
            ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། མ་ལེ་ཞི་ཡ་ནི་གནའ་བོའི་མཚོ་ཐོག་དར་གོས་ལམ་བུའི་ལམ་རྒྱུད་རྒྱལ་ཁབ་གལ་ཆེན་ཞིག་རེད་ལ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་དང་ལེན་ཞུ་སྔ་ཤོས་ཀྱི་ལམ་རྒྱུད་རྒྱལ་ཁབ་ཅིག་ཀྱང་རེད། ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུ་དེ་གཙོ་རྐང་དུ་བརྩིས་ནས་དུས་སྐབས་གསར་པའི་ཀྲུང་གོ་དང་མ་ལེ་ཞི་ཡའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། སྤྱི་འདོམས་འཆར་འགོད་དང་རང་སོ་སོའི་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ཐུབ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཐོན་ལས་དང་གསར་གཏོད་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་གསར་པ་སྐྱེད་སྲིང་བྱེད་པ་དང་། མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་དང་། བསམ་བློ་གསར་པ། དཔེ་དབྱིབས་གསར་པར་གྲོས་བསྡུར་བྱེད་པ། མཉམ་ལས་ཀྱི་འཕར་ཚད་མུ་མཐུད་མཐོ་རུ་གཏོང་བ་བཅས་བྱས་ནས་གཉིས་ཕན་གཉིས་ཁེ་ཡོང་ཁྱོན་རྒྱ་ཆེར་གཏོང་དགོས། “རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་ཀྱིས་ཕྱོགས་གསུམ་གྱི་མཉམ་ལས་བྱ་རྒྱུར་གྲོས་བསྡུར་བྱས་ནས་ས་ཁུལ་དང་འཛམ་གླིང་གི་དཔལ་འབྱོར་གོང་འཕེལ་ཆེད་དྲང་ནུས་དེ་བས་མང་བ་སྣོན་དགོས།
            མ་ཧ་ཏིར་གྱིས་ང་རང་ད་ཐེངས་ཀྲུང་གོར་འཚམས་འདྲིར་ཡོང་བ་ནི་མ་ལེ་ཞི་ཡ་སྲིད་གཞུང་གི་བྱ་ཐབས་གལ་ཆེན་ཞིག་རེད། དེའི་དམིགས་ཡུལ་ནི་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ལ་མ་ལེ་ཞི་ཡས་ཀྲུང་གོར་འཛིན་པའི་མཛའ་མཐུན་སྲིད་ཇུས་ལ་འགྱུར་བ་འགྲོ་མི་སྲིད་པ་ཞུ་རྒྱུ་དེ་ཡིན། ཀྲུང་གོ་ནི་ཤུགས་རྐྱེན་གལ་ཆེན་ལྡན་པའི་རྒྱལ་ཁབ་ཅིག་རེད་ལ་མ་ལེ་ཞི་ཡའི་ཚོང་དོན་རོགས་ཟླ་ཆེ་ཤོས་ཀྱང་རེད། ལོ་རྒྱུས་ཐོག་མ་ལེ་ཞི་ཡར་མི་སེར་སྤེལ་མྱོང་མེད། ཀྲུང་གོའི་ད་ཆའི་འཕེལ་རྒྱས་དེས་མ་ལེ་ཞི་ཡར་ཉེན་ཁ་བཟོ་གི་མེད། མ་ལེ་ཞི་ཡ་དང་ཀྲུང་གོའི་མཉམ་ལས་དེས་མ་ལེ་ཞི་ཡའི་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ཡོད། ང་རང་ད་ཐེངས་ཉིན་རེའི་ལས་རིམ་བྲེལ་བ་ཚ་པོ་ཡོད་མོད། འོན་ཀྱང་དུས་ཚོད་ཚང་མ་བཀོད་སྒྲིག་ཡག་པོ་དང་སྤྲོ་སྣང་ལྡན་པ་ཞིག་འདུག ཀྲུང་གོའི་ངོ་མཚར་ཅན་གྱི་རང་བརྟེན་འཕེལ་རྒྱས་ལ་མ་ལེ་ཞི་ཡས་ཡིད་སྨོན་བྱེད་ཀྱི་ཡོད་ལ་ཀྲུང་གོའི་ཐོན་ལས་དང་ཚོང་ལས་ཁྱབ་ཁོངས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོར་བསྔགས་བརྗོད་ཀྱང་བྱེད་ཀྱི་ཡོད། མ་ལེ་ཞི་ཡ་ཕྱོགས་ཀྱིས་དུས་སྐབས་གསར་པར“ཤར་ཕྱོགས་སུ་ཕྱོགས”ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དཔྱད་གཞིར་འཛིན་འདོད་པ་དང་། གསར་གཏོད་གསར་སྐྲུན་རྒྱུན་ཆད་མེད་པར་བྱས་ནས་རང་ངོས་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བ་བྱེད་འདོད་ཡོད། ཀྲུང་གོའི་ཁེ་ལས་མ་ལེ་ཞི་ཡར་མ་འཇོག་བྱེད་པར་ཡོང་རྒྱུར་མ་ལེ་ཞི་ཡ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན་ལ། ཕྱོགས་གཉིས་པོའི་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པ་བསྐྲུན་རྒྱུ་ཡིན། ལོ་600ལྷག་ཙམ་གོང་ཀྲེང་ཧོས་གྲུ་གཟིངས་བཏང་ནས་ནུབ་རྒྱ་མཚོ་ཆེན་པོ་སྒྲོལ་བ་དེ་མ་ལེ་ཞི་ཡ་དང་ཀྲུང་གོའི་འབྲེལ་བའི་ལོ་རྒྱུས་ཐོག་གླེང་འདོད་ཆེ་བའི་སྐད་ཆ་ཞིག་ཏུ་གྱུར་ཡོད་ཅེས་གསུངས་པ་རེད།