མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཉེ་ཆར་མཛུབ་སྟོན་གལ་ཆེན་གནང་ནས་ཕྲུ་གུའི་མིག་ལ་ཐུན་མོང་ཐོག་གཅེས་སྤྲས་ཡག་པོ་
བྱས་ནས་ཁོང་ཚོར་འོད་ཟེར་ལྡན་པའི་འབྱུང་འགྱུར་ཞིག་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ།  

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་30ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

             མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་ཆར་མཛུབ་སྟོན་གལ་ཆེན་གནང་ནས་རང་རྒྱལ་གྱི་སློབ་མ་རྒྱང་སྒྲིབ་འཕོག་ཚད་མང་བ་དང་ན་ཆུང་ཅན་གྱི་འཕེལ་ཕྱོགས་མངོན་གསལ་དོད་པས་ཕྲུ་གུ་ཚོའི་ལུས་སེམས་བདེ་ཐང་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པ་དེ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད་པའི་གནད་དོན་ཆེན་པོ་ཞིག་ཡིན་སྟབས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱས་ཏེ་གནས་ཚུལ་དེ་ཚབས་ཆེར་མི་འགྲོ་བ་བྱེད་དགོས་ཞེས་བསྟན་གནང་བ་རེད། 
             ཞི་ཅིན་ཕིང་གིས་འབྲེལ་ཡོད་ཐད་ལ་སློབ་གསོ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ནུས་ལྡན་གྱི་ཕྱོགས་བསྡུས་འགོག་བཅོས་ཇུས་གཞི་འདོན་པ་དང་འབྲེལ་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་དོན་འཁྱོལ་དམ་འཛིན་ཡག་པོ་བྱ་རྒྱུར་སྐུལ་ལྕག་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད། ཁོང་གིས་སྤྱི་ཚོགས་ཡོངས་ཀྱིས་བྱ་སྤྱོད་སྤེལ་ནས་ཕྲུ་གུའི་མིག་ལ་ཐུན་མོང་ཐོག་གཅེས་སྤྲས་ཡག་པོ་བྱས་ཏེ་ཁོང་ཚོར་འོད་ཟེར་ལྡན་པའི་འབྱུང་འགྱུར་ཞིག་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད། 
            རང་རྒྱལ་གྱི་གཞོན་ནུ་ལོ་ཆུང་གི་མིག་ཤེད་བདེ་ཐང་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་ཕྱི་བར་གསུམ་དུ་ཐུགས་ཁྲལ་གནང་གི་ཡོད། དེ་གོང་ཞི་ཅིན་ཕིང་གིས་འབྲེལ་ཡོད་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ་དང་། ཉེ་ཆར་འབྲེལ་ཡོད་ཚགས་པར་དང་དུས་དེབ་ཐོག་《ཀྲུང་གོའི་སློབ་མའི་རྒྱང་སྒྲིབ་ཐོན་མང་བའི་གནས་ཚུལ་ལ་ཁ་ཚ་དགོས་གཏུགས་ངང་ཐེ་ཇུས་བྱེད་དགོས་འདུག་》ཅེས་པའི་རྩོམ་ཡིག་བཏོན་པ་གཟིགས་རྗེས་ཞི་ཅིན་ཕིང་གིས་སླར་ཡང་གོང་གསལ་གྱི་མཛུབ་སྟོན་གནང་ནས་ལས་དོན་དེའི་ཐད་སྔར་བས་ཁ་ཕྱོགས་གསལ་སྟོན་གནང་བ་རེད། 
              སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད་སློབ་གསོ་པུའུ་ཡིས་རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་ཐོག་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་ཕྱོགས་བསྡུས་ཐོག་སྔོན་འགོག་ཚོད་འཛིན་བྱ་རྒྱུའི་ལག་བསྟར་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོས་པ་དང་སྦྲགས་འབྲེལ་ཡོད་སྡེ་ཚན་དང་སྤྱི་ཚོགས་ཀྱི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པ་རེད། ཇུས་གཞིའི་ནང་བྱིས་པ་དང་གཞོན་ཆུ་ལོ་ཆུང་གི་རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་བྱེད་པའི་དུས་མཚམས་རང་བཞིན་གྱི་དམིགས་ཚད་བཏོན་ནས་ཁྱིམ་ཚང་དང་། སློབ་གྲྭ། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སོགས་ཕྱོགས་ཁག་གི་འགན་འཁྲི་གསལ་པོ་བཟོས་པ་དང་འབྲེལ་རྒྱལ་ཡོངས་ཀྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་ལས་ཀའི་དཔྱད་བསྡུར་དང་དཔྱད་ཞིབ་ལམ་ལུགས་འཛུགས་རྒྱུའི་གཏན་འབེབས་བྱས་པ་དང་ཇུས་གཞི་དེ་ཉེ་དུས་པར་འགྲེམས་བྱས་ནས་དངོས་སུ་ལག་བསྟར་བྱ་རྒྱུ་རེད།