མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི་གཞོན་ནུའི་བསམ་བཀོད་དང་ཤུལ་བཞག་གླེང་སྟེགས་སུ་
ཞུགས་པའི་ན་གཞོན་འཐུས་མིར་འཕྲིན་ལན་སྤྲིངས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་31ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

      མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་8ཚེས་28ཉིན“རྒྱུད་གཅིག་ལམ་གཅིག”གི་གཞོན་ནུའི་བསམ་བཀོད་དང་ཤུལ་བཞག་གླེང་སྟེགས་སུ་ཞུགས་པའི་ན་གཞོན་འཐུས་མིར་འཕྲིན་ལན་སྤྲིངས་ཤིང་། ཁོང་གིས་ན་གཞོན་ནི་རྒྱལ་ཁབ་ཀྱི་མ་འོངས་པ་ཡིན་པས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་ཆེད་རང་ཉིད་ཀྱིས་འབད་བརྩོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
       ཞི་ཅིན་ཕིང་གིས་ངས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ནས་ལོ་ལྔའི་རིང་། ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་ལ་བརྟེན་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དེ་འདུ་ཤེས་ནས་བྱ་སྤྱོད་དུ་བསྒྱུར་བ་དང་རེ་འདུན་ནས་དངོས་ཡོད་དུ་བསྒྱུར་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། གྲུབ་འབྲས་དེ་དག་ཐོབ་པར་རྒྱལ་ཁབ་ཁག་གི་ན་གཞོན་གྱིས་དང་ལེན་ཧུར་ཐག་བྱས་པ་དང་སྤྲོ་སེམས་ངང་ཞུགས་པ་དང་ཁ་འབྲལ་ཐབས་མེད་ཅེས་གསུངས།
      ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ནས་ཀྲུང་ཧྥེའི་མཉམ་ལས་ལ་སྟོབས་ཤུགས་ཆེན་པོ་བཏོན་ཡོད། འདི་ལོའི་ཟླ་9པར་2018ལོའི་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་འཚོག་རྒྱུ་རེད། ངས་ཧྥེ་གླིང་ཕྱོགས་ཀྱི་འགོ་ཁྲིད་པ་དང་ལྷན་དུ་དུས་བབ་གསར་པའི་འོག་ཀྲུང་ཧྥེའི་མཛའ་གྲོགས་མཉམ་ལས་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་གྲོས་མོལ་བྱ་རྒྱུ་ཡིན། ན་གཞོན་ནི་རྒྱལ་ཁབ་ཀྱི་མ་འོངས་པ་རེད་ལ་ཀྲུང་ཧྥེའི་ན་གཞོན་ནི་ཀྲུང་ཧྥེའི་མཛའ་གྲོགས་ཀྱི་མ་འོངས་པའང་རེད། ཁྱེད་རྣམས་ཀྱིས་རིག་གནས་སྤེལ་རེས་དང་ཕན་ཚུན་འབྲེལ་འདྲིས་ལ་ཤུགས་སྣོན་བརྒྱབ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཐད་མུ་མཐུད་དོ་ཁུར་བྱ་རྒྱུ་མ་ཟད། དེའི་ནང་ཞུགས་ནས་ཀྲུང་ཧྥེའི་མཐུན་སྒྲིལ་མཉམ་ལས་ལ་རྒྱབ་སྐྱོར་དང་། ཀྲུང་ཧྥེའི་མི་དམངས་དུང་ཕྱུར་25དང་མཉམ་དུ་ཀྲུང་ཧྥེའི་སྲོལ་རྒྱུན་མཛའ་མཐུན་རྒྱུན་འཛིན་ཆེད་ལེགས་སྐྱེས་འབུལ་བ་དང་། ཀྲུང་ཧྥེའི་ལས་དབང་གཅིག་མཐུན་འདུས་གྲུབ་སྔར་བས་དམ་ཟབ་གཏོད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་ཆེད་རང་ཉིད་ཀྱིས་འབད་བརྩོན་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།