མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སི་ར་ལ་ཨོང་གི་ཙུང་ཐུང་པི་ཨའོ་དང་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་01ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཞི་ཅིན་ཕིང་གིས་སི་ར་ལ་ཨོང་གི་ཙུང་ཐུང་པི་ཨའོ་དང་གྲོས་མོལ་གནང་བ།

       མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་30ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་སི་ར་ལ་ཨོང་གི་ཙུང་ཐུང་པི་ཨའོ་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མཛའ་གྲོགས་དང་ཕན་ཚུན་ཡིད་ཆེས་ཟབ་ཏུ་དང་དངོས་སྒྲུབ་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་སྟེ། ཀྲུང་སིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལྷག་པ་གཏོད་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད།
        ཞི་ཅིན་ཕིང་གིས་པི་ཨའོ་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་སུ་ཕེབས་པ་དང་འབྲེལ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཡང་གནང་བར་དགའ་བསུ་ཞུས་ཤིང་། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་སིའི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བར་གཅེས་འཛིན་ཆེན་པོ་བྱེད་ཀྱི་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་47སོང་བའི་རིང་ལ་རྒྱལ་ཁབ་གཉིས་པོ་ནི་ཕྱར་བ་གྲུ་འདེགས་དང་སྐྱིད་སྡུག་མཉམ་མྱོང་བྱེད་མཁན་གྱི་གྲོགས་པོ་ཡག་པོ་ཞིག་ཡིན། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ལོ་རྒྱུས་ཐོག་ཐོན་མྱོང་མེད་པའི་ཨེ་པོ་ལ་རིམས་ནད་ལ་དཔུང་པ་མཉམ་གཤིབ་ངང་འགོག་རྒོལ་བྱས་པ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཁྱབ་པའི་གཏམ་སྙན་ཞིག་ཏུ་གྱུར་ཡོད། སི་ར་ལ་ཨོང་ནི་སྔོན་མ་མཉམ་འབྲེལ་རྒྱལ་ཚོགས་ཁྲོད་ཀྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པའི་གྲོས་གཞི་འདོན་མཁན་རྒྱལ་ཁབ་ཀྱི་གྲས་ཤིག་རེད། ཙུང་ཐུང་སྐུ་ཞབས་ཁྱེད་ཀྱིས་རྩ་དོན་བརྟན་པོར་བསྲུངས་པ་དང་བདེན་པའི་གཞུང་བསྐྱངས་ནས་ཀྲུང་གོ་གཅིག་གི་རྩ་དོན་ད་བར་མཐའ་འཁྱོངས་གནང་བར་ཀྲུང་གོ་ཕྱོགས་ཀྱིས་བསྟོད་པ་ཆེན་པོ་འབུལ་རྒྱུ་ཡིན། ཀྲུང་གོས་གྲོགས་པོ་རྙིང་པ་ནམ་ཡང་བརྗེད་མི་སྲིད། ཐོག་མཐའ་བར་གསུམ་དུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་བྱ་རྒྱུ་དེ་ཕྱི་ཕྱོགས་སྲིད་ཇུས་ཀྱི་རྨང་གཞི་གལ་ཆེན་ཞིག་ལ་བརྩི་ཡི་ཡོད། རྩ་དོན་དེར་ཀྲུང་གོ་རང་ཉིད་འཕེལ་རྒྱས་བྱུང་བ་དང་རྒྱལ་ཁབ་ཀྱི་གནས་བབ་མཐོ་རུ་སོང་བའི་དབང་གིས་འགྱུར་ལྡོག་གཏན་ནས་གཏོང་མི་སྲིད་ཅེས་གསུངས་པ་རེད།
       པི་ཨའོ་ཡིས་སི་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་47སོང་བའི་རིང་ལ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བས་ཚོད་བགམ་མང་པོ་ཐེག་པར་བྱས་ཏེ་མདུན་དུ་བསྐྱོད་པ་དང་། དུས་ཡུན་རིང་པོའི་ནང་ཀྲུང་གོས་སི་ར་ལ་ཨོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྩ་ཆེའི་རོགས་རམ་མང་པོ་གནང་བ། ལྷག་པར་དུ་ང་ཚོས་ཨེ་པོ་ལ་རིམས་ནད་ལ་འགོག་རྒོལ་བྱེད་པའི་དཀའ་ངལ་ཆེ་ཤོས་ཀྱི་དུས་སུ་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་རོགས་སྐྱོར་དང་ཐོག་གནང་བ་སི་ར་ལ་ཨོང་མི་དམངས་ཀྱིས་བརྗེད་མི་སྲིད། སི་ར་ལ་ཨོང་གིས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་ནང་ཧུར་ཐག་ཞུགས་རྒྱུ། དེ་བཞིན་སློབ་གསོ་དང་། ཉ་ལས། འཕྲོད་བསྟེན། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་རྒྱུ་བཅས་ཀྱི་འདོད་མོས་ཡོད་ཅེས་གསུངས་པ་རེད།