མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཁོ་ཐེ་ཏི་ཝོར་གྱི་ཙུང་ཐུང་ཝ་ཐ་ལ་དང་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་01ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཞི་ཅིན་ཕིང་གིས་ཁོ་ཐེ་ཏི་ཝོར་གྱི་ཙུང་ཐུང་ཝ་ཐ་ལ་དང་གྲོས་མོལ་གནང་བ།

       མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་30ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཁོ་ཐེ་ཏི་ཝོར་གྱི་ཙུང་ཐུང་ཝ་ཐ་ལ་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་ཁོ་ཐེ་ཏི་ཝོར་གྱི་འབྲེལ་བ་དེ་བས་ཆུ་ཚད་མཐོ་པོར་སླེབས་རྒྱུར་སྐུལ་མ་བཏང་ནས་གཉིས་ཁེ་གཉིས་ཕན་ཡོང་བ་བྱ་རྒྱུར་མོས་མཐུན་མཐའ་གཅིག་ཏུ་གནང་བ་རེད།
          ཞི་ཅིན་ཕིང་གིས་ཝ་ཐ་ལ་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་དང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་ཤིང་། ཞི་ཅིན་ཕིང་གིས་ད་རེས་ཀྱི་གླེང་སྟེགས་དབུ་ཚོགས་ཀྱིས་སྔར་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་གཞོལ་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཕྱོགས་སུ་གོང་འཕེལ་ཡོང་བ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མཐུན་སྒྲིལ་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཁོ་ཐེ་ཏི་ཝོར་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་35ཕྱིན་པ་དང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་སོང་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ཁོ་ཐེ་ཏི་ཝོར་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་འཛིན་པར་ཀྲུང་གོས་བསྔགས་བརྗོད་བྱ་རྒྱུ་དང་ཁོ་ཐེ་ཏི་ཝོར་ཕྱོགས་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་དབང་སྲུང་སྐྱོང་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས་ཁོ་ཐེ་ཏི་ཝོར་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། 
         ཕྱོགས་གཉིས་པོས་ཕན་ཚུན་དབར་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། དཔལ་འབྱོར་ཉོ་ཚོང་མཉམ་ལས་ནི་ཀྲུང་གོ་དང་ཁོ་ཐེ་ཏི་ཝོར་དབར་གྱི་འབྲེལ་བར“སྐུལ་འདེད་གཏོང་ཆས”ཤིག་ཡིན་པས“རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པ་གོ་སྐབས་སུ་བྱས་ནས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་རྒྱལ་ཁབ་གཉིས་པོ་སྤུས་ཚད་མཐོ་པོ་དང་རྒྱུན་སྲིང་ངང་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་དགོས། བདེ་འཇགས་ཐད་ཀྱི་འགྲན་སློང་ལ་ཁ་གཏད་ནུས་ལྡན་བཅག་ནས་ཨ་ཧྥེ་རི་ཁ་ནུབ་ཁུལ་དང་ཨ་ཧྥེ་རི་ཁ་སྐམ་སའི་ཞི་བདེ་བརྟན་ལྷིང་ལ་སྐུལ་མ་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཚུད་པའི་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁྲིམས་མཐུན་དབང་ཆ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་ཞེས་གསུངས།
         ཝ་ཐ་ལ་ཡིས་ཀྲུང་གོ་ནི་ཁོ་ཐེ་ཏི་ཝོར་གྱི་རླབས་ཆེན་གྲོགས་པོ་ཞིག་ཡིན་པས་ཁོ་ཐེ་ཏི་ཝོར་མི་དམངས་ཀྱིས་ཀྲུང་གོ་མི་དམངས་དང་སྲོལ་རྒྱུན་གྱི་མཛའ་མཐུན་ལ་གཅེས་སྤྲས་བྱ་རྒྱུ་ཡིན། ཁོ་ཐེ་ཏི་ཝོར་གྱིས་ཀྲུང་གོའི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བརྩི་འཇོག་ཡིད་སྨོན་ཞུ་རྒྱུ་མ་ཟད། བཀྲ་ཤིས་བདེ་ལེགས་ཀྱང་ཞུས་ནས་ཀྲུང་གོ་ཉིད་གྲུབ་འབྲས་ཐོབ་པའི་མིག་དཔེར་འཛིན་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་གལ་ཆེན་ལ་ཁོ་ཐེ་ཏི་ཝོར་གྱིས་ཡོངས་སུ་རྒྱབ་སྐྱོར་ཞུས་ནས་ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་དངུལ་ལོར་མནའ་འབྲེལ་རྒྱལ་ཁབ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་མཉམ་ཞུགས་བྱེད་པའི་མཉམ་ལས་ལ་ཧུར་ཐག་ཞུགས་པ་དང་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད།