མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་མ་ལིའི་ཙུང་ཐུང་ཁའེ་ཐ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་02ཉིན། 16:19】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

              མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་31ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་མ་ལིའི་ཙུང་ཐུང་ཁའེ་ཐ་དང་མཇལ་འཛོམས་གནང་བ་རེད།
            ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་གིས་རྒྱལ་ནང་གི་ཆབ་སྲིད་གྲོས་རིམ་ཐུགས་བྲེལ་ཆེ་བའི་གནས་ཚུལ་འོག་ཆེད་མངགས་ཀྲུང་གོར་ཕེབས་པ་ལས། སྐུ་ཞབས་ཙུང་ཐུང་དང་མ་ལིའི་མི་དམངས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་ཀྲུང་གོ་མི་དམངས་ལ་བརྩེ་སེམས་ཟབ་མོ་འཆང་ལུགས་མཚོན་གྱི་ཡོད་ཅེས་གསུངས་ཤིང་། ཁོང་གིས་ཀྲུང་གོ་དང་མ་ལི་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་འབྲེལ་བ་ནི་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་རྒན་གྲས་སྐུ་ངོ་མས་བཏོད་གནང་བ་ཞིག་རེད། མི་རིགས་རང་བཙན་བརྩོན་ལེན་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་ཀྲུང་གོ་དང་མ་ལི་རྒྱལ་ཁབ་གཉིས་པོའི་ལས་དབང་སྔ་ས་ནས་གཅིག་ཏུ་དམ་པོར་སྦྲེལ་ཡོད། ཕྱོགས་གཉིས་པོ་ནི་བདེ་སྡུག་མཉམ་མྱོང་གི་སྤུན་གྲོགས་བཟང་པོ་དང་། ཟོལ་མེད་བློས་ཐུབ་ཀྱི་གྲོགས་པོ་བཟང་པོ། ཐུན་མོང་ཐོག་འཕེལ་རྒྱས་གཏོང་མཁན་གྱི་རོགས་ཟླ་བཟང་པོ་བཅས་རེད། མ་ལིས་རང་རྒྱལ་ཁབ་ཀྱི་བདག་དབང་དང་། གཅིག་གྱུར། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་སྔར་རྒྱུན་བཞིན་རྒྱབ་སྐྱོར་བརྟན་པོ་བྱས་ནས། མ་ལིས་ཞི་བའི་འདུམ་འགྲིག་གི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་དང་། མ་ལིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བར་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
          ཁའེ་ཐས་ཀྲུང་གོ་ནི་མ་ལིའི་གྲོགས་པོ་རྙིང་པ་རེད། རང་དབང་དང་རང་བཙན་བརྩོན་ལེན་བྱེད་རིང་མ་ལི་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཕན་ཚུན་ཡིད་ཆེས་བརྟན་པོ་བྱས་ཡོད། དེ་སྔ་མཉམ་འབྲེལ་རྒྱལ་ཚོགས་སུ་ཡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་ཐུབ་རྒྱུར་མ་ལིས་རྒྱབ་སྐྱོར་བརྟན་པོ་བྱས་ཡོད་ལ། ཐོག་མཐའ་བར་གསུམ་དུ་མ་ལི་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་འབྲེལ་བ་ཟབ་ཏུ་གཏོང་བར་འབད་བརྩོན་བྱེད་ཀྱི་ཡོད་ཅེས་བརྗོད།