མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སོ་མ་ལིའི་ཙུང་ཐུང་མོའོ་ཧན་མོ་ཏེ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་02ཉིན། 16:27】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་31ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་སོ་མ་ལིའི་ཙུང་ཐུང་མོའོ་ཧན་མོ་ཏེ་དང་མཇལ་འཛོམས་གནང་བ་རེད། 
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་སོ་རྒྱལ་ཁབ་གཉིས་དབར་མཛའ་གྲོགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་ཡོད། སོ་མ་ལི་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་གྱི་འབྲེལ་བ་འཛུགས་མཁན་ཨ་ཧྥེ་རི་ཁ་ཤར་རྒྱུད་ཀྱི་རྒྱལ་ཁབ་དང་པོ་དེ་རེད་ལ། མཉམ་འབྲེལ་རྒྱལ་ཚོགས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱ་རྒྱུར་རྒྱབ་སྐྱོར་གྱི་གྲོས་འགོ་འདོན་མཁན་རྒྱལ་ཁབ་ཀྱི་གྲས་ཤིག་ཀྱང་རེད། ཀྲུང་གོ་ཕྱོགས་ཀྱིས་སོ་མ་ལིའི་ཞི་བའི་བསྐྱར་སྐྲུན་ལ་འཕེལ་རིམ་གསར་པ་བྱུང་བར་རྟེན་འབྲེལ་ཞུ་རྒྱུ་དང་། སོ་མ་ལི་སྲིད་གཞུང་གིས་ཆབ་སྲིད་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་མཐུན་འགྲིག་ལ་སྐུལ་འདེད་གཏོང་བ། བཅོས་སྐྱོང་འཇོན་ཐང་ཆེ་རུ་གཏོང་བ་བཅས་ལ་སྔར་རྒྱུན་བཞིན་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། སོ་མ་ལི་ཕྱོགས་ཀྱིས་བདག་དབང་དང་། བདེ་འཇགས། མངའ་ཁོངས་ཆ་ཚང་སྲུང་སྐྱོང་བཅས་བྱེད་པའི་ཐད་ཀྱི་འབད་བརྩོན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཉམ་ལས་གླེང་སྟེགས་བཅས་ཀྱི་སྒྲོམ་གཞིའི་ནང་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། 
        མོའོ་ཧན་མོ་ཏེས་སོ་མ་ལི་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ལ་གུས་བཀུར་ཞུ་རྒྱུ་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་རོགས་རམ་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེར་གྲུབ་འབྲས་རླབས་པོ་ཆེ་ཐོབ་པར་བརྩི་འཇོག་ཡིད་སྨོན་ཞུས་ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་དཔྱད་གཞིར་འཛིན་འདོད་ཡོད་ཅེས་བརྗོད།