མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་པོ་ཁི་ན་ཧྥ་སོའི་ཙུང་ཐུང་ཁཱ་པོ་ལུའེ་དང་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་02ཉིན། 16:29】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཞི་ཅིན་ཕིང་གིས་པོ་ཁི་ན་ཧྥ་སོའི་ཙུང་ཐུང་ཁཱ་པོ་ལུའེ་དང་གྲོས་མོལ་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་31ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་པོ་ཁི་ན་ཧྥ་སོའི་ཙུང་ཐུང་ཁཱ་པོ་ལུའེ་དང་གྲོས་མོལ་གནང་བ་རེད། 
          ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་པ་དང་འབྲེལ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་དགའ་བསུ་ཞུ་རྒྱུ་ཡིན། པོ་ཁི་ན་ཧྥ་སོ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་མཉམ་ལས་ཀྱི་ཁྱིམ་ཚང་ཆེ་མོའི་མཉམ་འཛོམས་ལ་ཞུགས་ཐེངས་དང་པོ་རེད། ཁྱེད་ཕེབས་པ་འདི་ཀྲུང་གོ་དང་པོ་ཁི་ན་ཧྥ་སོ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་འཕེལ་རྒྱས་ཀྱི་ངོས་ནས་བརྗོད་ན་ཧ་ཅང་གལ་ཆེན་ཞིག་རེད། སྐུ་ཞབས་ཙུང་ཐུང་གིས་ཀྲུང་གོ་དང་ཕྱི་འབྲེལ་འབྲེལ་བ་སླར་གསོ་གནང་བའི་ཆབ་སྲིད་ཀྱི་བློ་སྤོབས་ལ་ཀྲུང་གོ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་ཡིན། ཀྲུང་པོ་དབར་ཕྱི་འབྲེལ་གྱི་འབྲེལ་བ་སླར་གསོ་བྱས་ནས་ཟླ་བ་གསུམ་སོང་རིང་། ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ལ་མི་སེམས་འགུལ་བའི་ཕན་འབྲས་ཐོན་པ་མ་ཟད། ད་དུང་འགོ་ཡང་ཡག་པོ་བརྩམས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ལ་དམིགས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཆར་འགོད་དང་སྐུལ་འདེད་གཏོང་རྒྱུ་ཡིན། པོ་ཁི་ན་ཧྥ་སོ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། སྤེལ་རེས་དང་དཔྱད་གཞིར་འཛིན་རེས་བྱེད་པ། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་བ། དུས་རབས་གསར་པའི་འདྲ་མཉམ་ཡིད་ཆེས་དང་མཉམ་ལས་གཉིས་ཁེའི་ཀྲུང་པོའི་མཛའ་གྲོགས་མཉམ་ལས་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་གཏོད་པ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་ལ་ཡུན་རིང་དང་དེ་བས་ལེགས་པའི་སྒོ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་སྐྲུན་འདོད་ཡོད། པོ་ཁི་ན་ཧྥ་སོ་ཕྱོགས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་བཏང་སྟེ་རྒྱལ་ཁབ་དང་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཐད་འབད་བརྩོན་གནང་བར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས། 
          ཁཱ་པོ་ལུའེ་ཡིས་པོ་ཁི་ན་ཧྥ་སོ་ཡིས་འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་ཁས་ལེན་གྱི་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་ཚབ་བྱེད་པའི་ཁྲིམས་མཐུན་གྱི་སྲིད་གཞུང་འབའ་ཞིག་དེ་རེད། ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་ཕྱོགས་མང་རིང་ལུགས་ལ་རྩེ་གཅིག་ཏུ་གཞོལ་བ་དང་མཉམ་ལས་གཉིས་ཁེའི་བཞེད་དོན་བཏོན་པར་པོ་ཁི་ན་ཧྥ་སོ་ཡིས་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་ཡིན་ཞེས་བརྗོད།