མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་གཟབ་རྒྱས་ངང་འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་05ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་གཟབ་རྒྱས་ངང་འགོ་ཚུགས་པ།

        མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་3ཉིན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གསུང་བཤད་ཀྱང་གནང་སྟེ། ཀྲུང་གོ་དང་ཨ་ཧྥེ་རི་ཁས་ལག་གདང་སྦྲེལ་ནས་འགན་འཁྲི་མཉམ་འཁུར་དང་། མཉམ་ལས་གཉིས་ཕན། བདེ་སྐྱིད་མཉམ་སྤྱོད། རིག་གནས་མཉམ་དར། བདེ་འཇགས་མཉམ་སྐྲུན། ཞི་མཐུན་མཉམ་གནས་བཅས་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་བཏོད་དེ་ཐོན་ལས་སྐུལ་འདེད་དང་། སྒྲིག་ཆས་སྦྲེལ་མཐུད། ཉོ་ཚོང་སྟབས་བདེ། ལྗང་མདོག་འཕེལ་རྒྱས། ནུས་པ་འཛུགས་སྐྱོང་། བདེ་ཐང་འཕྲོད་བསྟེན། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས། ཞི་བདེ་བདེ་འཇགས་བཅས“བྱ་སྤྱོད་ཆེན་པོ་བརྒྱད”གཙོ་གནད་དུ་ལག་བསྟར་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
       སྟོན་ཟླ་ར་བའི་པེ་ཅིང་དུ་གནམ་བདེ་སྒོ་མོའི་ཐང་ཆེན་དང་ཁྲང་ཨན་ཁྲོམ་གཞུང་གི་གཡས་གཡོན་གཉིས་སུ་མེ་ཏོག་ཁྲ་ལྷམ་མེར་བཞད་ཡོད་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཁོངས་མིའི་རྒྱལ་ཁབ་ཀྱི་རྒྱལ་དར་དང་། ཨ་ཧྥེ་རི་ཁའི་མནའ་འབྲེལ་ལྷན་ཚོགས་ཀྱི་ཚོགས་དར། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཚོགས་རྟགས་བཅས་བཀོད་པའི་དར་ཆ་རླུང་ཕྱོགས་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད། མི་དམངས་ཚོགས་ཁང་ཆེ་མོའི་བྱང་སྒོའི་ཕྱི་རོལ་དུ་གུས་ལུགས་དམག་ས་གདན་དམར་པོའི་གཞོགས་གཉིས་སུ་རུ་སྟར་སྒྲིག་ཡོད་པ་རེད། ཆུ་ཚོད་16ཡོལ་ཙམ་ལ་གླེང་སྟེགས་ཀྱི་དབུ་ཚོགས་ལ་ཞུགས་པའི་ཕྱི་རྒྱལ་གྱི་འགོ་ཁྲིད་པ་གཅིག་རྗེས་གཉིས་མཐུད་ངང་ཕེབས་པ་དང་། ཞི་ཅིན་ཕིང་གིས་ཚོམས་ཆེན་བྱང་མར་སྤྲོ་སེམས་འཁོལ་བའི་བསུ་བ་ཞུས་གནང་བ་དང་། ཁོང་ཚོ་དང་རེ་རེ་བཞིན་དང་མཛའ་བརྩེའི་ངང་ཕྱག་བཏང་གནང་བ་མ་ཟད་ཕན་ཚུན་འཚམས་འདྲི་ཡང་གནང་བ་རེད། དེ་རྗེས་ཀྲུང་གོ་དང་ཕྱི་རྒྱལ་གྱི་འགོ་ཁྲིད་པ་ལྷན་དུ་དྲན་རྟེན་འདྲ་པར་བསྐྱོན་པ་རེད།
        ཚོགས་ཁང་ཆེ་མོའི་ནང་གློག་འོད་ཆེམ་ཆེམ་དུ་འཕྲོ་བ་དང་ཚོན་མདངས་རྣམ་པར་བཀྲ་ཞིང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རོགས་ཟླ་མཉམ་དུ་འཛོམས་ཡོད། ཀྲུའུ་ཞི་ལྡིངས་ཆའི་ཐོག་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཚོགས་རྟགས་དེ་བས་མངོན་གསལ་དོད་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་53གྱི་རྒྱལ་དར་དང་། ཨ་ཧྥེ་རི་ཁ་མནའ་འབྲེལ་ལྷན་ཚོགས་ཀྱི་ཚོགས་དར་རྒྱ་ཡིག་དང་། དབྱིན་ཡིག ཧྥ་རན་སེའི་ཡི་གེ་བཅས་ཀྱི་ཐོག་ནས“2018ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས”ཞེས་བྲིས་པའི་རྒྱབ་ལྗོངས་སྔོན་པོའི་མདུན་དུ་ཚར་དུ་དངར་བ་ཞིག་ཡོད་པ་རེད། ཆུ་ཚོད་16དང་སྐར་མ་40ཡོལ་ཙམ་ལ་དམག་མིའི་རོལ་ཆ་ཚོགས་པས་སྤྲོ་སེམས་འཁོལ་ལ་རྔམ་བརྗིད་ཆེ་བའི་དགའ་བསུ་ཞུ་བའི་རོལ་དབྱངས་དཀྲོལ་གཏོང་བྱས་པ་དང་། ཞི་ཅིན་ཕིང་དང་ཕྱི་རྒྱལ་གྱི་འགོ་ཁྲིད་པ་རྣམས་ལྷན་དུ་ཚོགས་རར་ཕེབས་སྐབས་ཚང་མ་ཡར་ལངས་ཏེ་ཐལ་མོའི་རྡེབ་སྒྲ་འབྲུག་སྒྲ་ལྡིར་བ་ལྟར་གྲགས།
       ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་《ལག་གདང་སྦྲེལ་ནས་ལས་དབང་གཅིག་མཐུན་གཏོད། ཀུན་སེམས་སྒྲིལ་ཏེ་འཕེལ་རྒྱས་སྐུལ་འདེད་གཏོང་》ཞེས་པ་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་གླེང་སྟེགས་དབུ་ཚོགས་ལ་ཞུགས་པའི་ཕྱི་རྒྱལ་གྱི་འགོ་ཁྲིད་པ་ཀང་པི་ཡ་དང་། ཧྲེང་ཏོ་མའེ། ཕུ་ལིན་ཤི་པི། པུ་ཅི་ན་ཧྥ་སོ་བཅས་ཚུད་པའི་གླེང་སྟེགས་ཀྱི་ཁོངས་མིའི་འགོ་ཁྲིད་པ་གསར་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་གནང་བ་རེད།
       ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་པོར་འཕྲད་པའི་གེགས་བར་དང་ཐུན་མོང་གི་འགན་འཁྲི་གཅིག་པ་ཡིན་པར་དམིགས་ནས། འདས་ཟིན་པའི་ལོ་ཟླའི་ནང་བློ་ཁ་གཅིག་མཐུན་དང་ལྟ་རེས་སྲུང་རེས་བྱས་པས་ཁྱད་ཆོས་མངོན་གསལ་དོད་པའི་མཉམ་ལས་གཉིས་ཕན་གྱི་ལམ་བུའི་ཐོག་བསྐྱོད་ཡོད། ལམ་བུ་དེའི་ཐོག་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་དྲང་པོ་དང་། དངོས་ཡོད། མཛའ་མཐུན། ལྷག་བསམ་བཅས་ཀྱི་འདུ་ཤེས་དང་ཡང་དག་པའི་བདེན་དོན་དང་ཁེ་ཕན་གྱི་ལྟ་བ་རྒྱུན་འཁྱོངས་བྱས་ཏེ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། དཀའ་སྡུག་མཉམ་མྱོང་། ལག་གདང་སྦྲེལ་ནས་མདུན་སྐྱོད་བཅས་བྱས་ཡོད། ཀྲུང་གོས་མཉམ་ལས་ཁྲོད་ཟོལ་མེད་མཛའ་གྲོགས་དང་འདྲ་མཉམ་ལྟ་སྟངས་མཐའ་འཁྱོངས་བྱེད་པ་དང་། བདེན་དོན་དང་ཁེ་ཕན་གཉིས་ཀར་ལྟ་རྟོག་དང་བདེན་དོན་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་དངོས་སྒྲུབ་ཕན་ཆེ་མཐའ་འཁྱོངས་བྱེད་པ། སྒོ་དབྱེ་བསྟུན་མཁས་དང་དངོས་རིགས་ཀུན་གསོག་མཐའ་འཁྱོངས་བཅས་བྱས་ཡོད། ཀྲུང་གོས“མི་བྱེད་པ་ལྔ”མཐའ་འཁྱོངས་བྱས་པ་སྟེ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་བྱ་རྒྱུར་ཐེ་ཇུས་མི་བྱེད་པ་དང་། ཨ་ཧྥེ་རི་ཁའི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ། རང་ཉིད་ཀྱི་འདོད་བློ་གཞན་ལ་བཙན་འགེལ་མི་བྱེད་པ། ཨ་ཧྥེ་རི་ཁར་རོགས་སྐྱོར་བྱེད་པའི་ཁྲོད་ཆབ་སྲིད་ཀྱི་ཆ་རྐྱེན་གཞན་དག་ཟུར་སྣོན་མི་བྱེད་པ། ཨ་ཧྥེ་རི་ཁར་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་བྱེད་རིང་ཆབ་སྲིད་ཀྱི་ཁེ་ཕན་ཐོབ་ཐབས་མི་བྱེད་པ་བཅས་སོ། ཀྲུང་གོས་རྒྱལ་ཁབ་ཁག་ཚང་མས་ཨ་ཧྥེ་རི་ཁའི་ལས་དོན་ཐག་གཅོད་བྱེད་སྐབས“མི་བྱེད་པ་ལྔ”བྱེད་ཐུབ་རྒྱུའི་རེ་བ་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་ཚད་མཐའ་མེད་པ་དང་། ཨ་ཧྥེ་རི་ཁའི་འབྱུང་འགྱུར་ལ་རེ་བས་ཁེངས་པ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་མཉམ་ལས་ཀྱི་མདུན་ལམ་ཡངས་པ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་འཕེལ་རྒྱས་གཏོང་གཞི་ཆེན་པོ་ཡོད། ཀྲུང་གོ་འདི་ཉིད་ནམ་ཡང་ཨ་ཧྥེ་རི་ཁའི་གྲོགས་པོ་ཡག་པོ་དང་། རོགས་ཟླ་ཡག་པོ། སྤུན་ཟླ་ཡག་པོ་བཅས་རེད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཡག་པོ་ཡོད་མེད་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ལ་སྐད་ཆ་ཤོད་དབང་ཆེ་ཤོས་ཡོད། མི་སུ་འདྲ་ཞིག་གིས་ཀྱང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ཀྱི་མཐུན་སྒྲིལ་ཆེ་མོར་གནོད་འཚེ་གཏོང་མི་རུང་ལ། མི་སུ་འདྲ་ཞིག་གིས་ཀྱང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ཀྱི་དར་རྒྱས་གོམ་སྟབས་འགོག་མི་རུང་བ། མི་སུ་འདྲ་ཞིག་གིས་ཀྱང་བསམ་པའི་འཆར་སྒོ་དང་འོལ་ཚོད་ལ་བརྟེན་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་མངོན་གསལ་དོད་པའི་གྲུབ་འབྲས་ཁས་མི་ལེན་པ་བྱེད་མི་རུང་བ། མི་སུ་འདྲ་ཞིག་གིས་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་དགེ་མཚན་ལྡན་པའི་བྱ་སྤྱོད་ལ་བཀག་འགོག་དང་གནོད་སྐྱེལ་མི་རུང་།
        ཞི་ཅིན་ཕིང་གིས་ཞི་བདེ་དང་འཕེལ་རྒྱས་ནི་དེང་གི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཡིན་ལ་དུས་རབས་ཀྱི་བརྗོད་གཞི་ཡང་ཡིན། དུས་རབས་ཀྱི་བརྗོད་གཞིར་དམིགས་ནས་ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་འདོད་ཡོད་པ་དང་། རྒྱལ་སྤྱིའི་མཉམ་ལས་རོགས་ཟླ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ཏེ“རྒྱུད་གཅིག་ལམ་གཅིག”དེ་ཞི་བདེའི་ལམ་བུ་དང་། དར་རྒྱས་ལམ་བུ། སྒོ་དབྱེའི་ལམ་བུ། ལྗང་མདོག་ལམ་བུ། གསར་གཏོད་ལམ་བུ། ཤེས་དཔལ་ལམ་བུ་བཅས་སུ་སྐྲུན་འདོད་ཡོད་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གིས་དེ་བས་དོ་སྙོམས་ངང་རྒྱལ་ཁབ་མང་ཆེ་བ་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འདོད་བློ་དང་ཁེ་ཕན་མཚོན་རྒྱུར་སྐུལ་འདེད་གཏོང་རྒྱུ། བློ་བརྟན་འགྱུར་མེད་ངང་ཕྱི་ཕྱོགས་སྒོ་དབྱེ་མཐའ་འཁྱོངས་བྱས་ཏེ་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་དང་ཕྱོགས་མང་གི་ཉོ་ཚོང་ལམ་སྲོལ་སྲུང་སྐྱོང་བརྟན་པོ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
       ཞི་ཅིན་ཕིང་གིས་ཀྲུང་གོ་ནི་འཛམ་གླིང་ཐོག་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པ་དང་། ཨ་ཧྥེ་རི་ཁ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཅིག་འདུས་ཆེ་ཤོས་ཀྱི་སྐམ་ས་ཆེ་མོ་ཞིག་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གཉིས་སྔ་ས་ནས་སྐྱིད་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཆགས་ཡོད། ང་ཚོས་ཨ་ཧྥེ་རི་ཁའི་མི་དམངས་དང་མཉམ་དུ་དེ་བས་ཟབ་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་བཏོད་དེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་མིག་དཔེ་ཞིག་སྟོན་འདོད་ཡོད་ཅེས་ནན་བཤད་གནང་བ་སྟེ།
        གཅིག་ནས་ལག་གདང་སྦྲེལ་ནས་འགན་འཁྲི་མཉམ་འཁུར་གྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་ཡིན་ཞིང་། ང་ཚོས་ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ཀྱི་རོགས་ལས་གཞོགས་འདེགས་དམ་ཟབ་བྱས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་དང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་དང་།
        གཉིས་ནས་ལག་གདང་སྦྲེལ་ནས་མཉམ་ལས་གཉིས་ཕན་གྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་ཡིན་ཞིང་། ང་ཚོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པ་ལས་བྱུང་བའི་གོ་སྐབས་གལ་ཆེན་བེད་སྤྱོད་ཡག་པོ་བྱས་ཏེ“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུ་དེ་ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱི་《2063ལོའི་གྲོས་རིམ་》དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ། དེ་བཞིན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་འཕེལ་རྒྱས་འཐབ་ཇུས་ཕན་ཚུན་སྦྲེལ་མཐུད་བྱས་ཏེ་མཉམ་ལས་ཀྱི་བར་མཐོངས་གསར་པ་གཏོད་པ་དང་མཉམ་ལས་ཀྱི་མི་མངོན་པའི་ནུས་ཤུགས་གསར་པ་སྔོག་འདོན་བྱ་རྒྱུ།
        གསུམ་ནས་ལག་གདང་སྦྲེལ་ནས་བདེ་སྐྱིད་མཉམ་སྤྱོད་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་ཡིན་ཞིང་། ང་ཚོས་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ།
        བཞི་ནས་ལག་གདང་སྦྲེལ་ནས་རིག་གནས་མཉམ་དར་གྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་ཡིན་ཞིང་། ང་ཚོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཤེས་དཔལ་སྤེལ་རེས་དཔྱད་གཞིར་འཛིན་པ་དང་མཉམ་འདྲེས་མཉམ་གནས་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ཀྱི་བརྩེ་དུང་ཟབ་ཏུ་གཏོང་རྒྱུ།
        ལྔ་ནས་ལག་གདང་སྦྲེལ་ནས་བདེ་འཇགས་མཉམ་སྐྲུན་གྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་ཡིན་ཞིང་། ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ཨ་ཧྥེ་རི་ཁའི་མནའ་འབྲེལ་སོགས་ས་ཁུལ་རྩ་འཛུགས་ཀྱིས་ཨ་ཧྥེ་རི་ཁའི་རྣམ་པའི་ཐོག་ནས་ཨ་ཧྥེ་རི་ཁའི་གནད་དོན་ཐག་གཅོད་བྱ་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ཏེ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་རང་ངོས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་ཞི་བདེ་སྲུང་སྐྱོང་གི་ནུས་པ་མཐོ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ།
         དྲུག་ནས་ལག་གདང་སྦྲེལ་ནས་ཞི་མཐུན་མཉམ་ལས་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་ཡིན་ཞིང་། ཀྲུང་གོས་ཨ་ཧྥེ་རི་ཁ་དང་མཉམ་དུ་ལྗང་མདོག་དང་། ཐཱན་ཉུང་། འཁོར་སྐྱོད། རྒྱུན་མཐུད་ཆོག་པ་བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་དར་སྤེལ་བཏང་སྟེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་པ་བཅས་སོ།
       ཞི་ཅིན་ཕིང་གིས་ཀྲུང་གོས་དུས་རབས་གསར་པར་སྔར་ལས་ཟབ་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་མཛུབ་ཁྲིད་དུ་བྱས་ནས་གཡོད་ཧན་ནེ་སི་པའོ་ཡི་དབུ་ཚོགས་ཐོག་གཏན་ལ་ཕབ་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི“མཉམ་ལས་འཆར་གཞི་ཆེན་པོ་བཅུར”སྐུལ་འདེད་གཏོང་བའི་རྨང་གཞིའི་ཐོག་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་འབྱུང་འགྱུར་ལོ་3དང་སླད་ཕྱིན་དུས་མཚམས་ཤིག་ནང“བྱ་སྤྱོད་ཆེན་པོ་བརྒྱད”གཙོ་གནད་དུ་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་སྟེ།
        གཅིག་ནས་ཐོན་ལས་སྐུལ་འདེད་བྱ་སྤྱོད་ལག་བསྟར་བྱ་རྒྱུ་ཡིན་ཞིང་། ཀྲུང་གོས་ཀྲུང་གོར་ཀྲུང་གོ—ཨ་ཧྥེ་རི་ཁའི་དཔལ་འབྱོར་ཉོ་ཚོང་དངོས་མང་སྟོན་ཚོགས་གཉེར་རྒྱུ་དང་། ཀྲུང་གོའི་ཁེ་ལས་ཀྱིས་ཨ་ཧྥེ་རི་ཁར་མ་དངུལ་འཇོག་རྒྱ་ཆེ་རུ་གཏོང་བར་སྐུལ་མ་གཏོང་རྒྱུ། ཨ་ཧྥེ་རི་ཁས་2030ལོའི་གོང་གཞི་རྩའི་ཆ་ནས་འབྲུ་རིགས་བདེ་འཇགས་ཡོང་བར་རྒྱབ་སྐྱོར་བྱེད་རྒྱུ། ཨ་ཧྥེ་རི་ཁར་ཀྲུང་གོའི་ཁེ་ལས་ཀྱི་སྤྱི་ཚོགས་ཀྱི་འགན་འཁྲིའི་མནའ་འབྲེལ་འཛུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་བཅས་ཀྱི་གཏན་འབེབས་བྱས་པ་དང་།
        གཉིས་ནས་སྒྲིག་ཆས་སྦྲེལ་མཐུད་བྱ་སྤྱོད་ལག་བསྟར་བྱ་རྒྱུ་ཡིན་ཞིང་། ཀྲུང་གོས་ཨ་ཧྥེ་རི་ཁའི་མནའ་འབྲེལ་དང་《ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྨང་གཞིའི་སྒྲིག་བཀོད་ཀྱི་མཉམ་ལས་འཆར་འགོད་》བཟོ་འགོ་བཙུགས་ཏེ། ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་ཨ་ཧྥེ་རི་ཁའི་རྨང་གཞིའི་སྒྲིག་བཀོད་དང་ཕན་ཚུན་སྦྲེལ་མཐུད་བྱེད་པའི་གཙོ་གནད་རྣམ་གྲངས་ཁག་གཅིག་ལག་བསྟར་བྱས་ནས། ཨ་ཧྥེ་རི་ཁའི་ཁེར་རྐྱང་གི་མཁའ་འགྲུལ་སྐྱེལ་འདྲེན་ཁྲོམ་ར་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་དང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་དེ་བས་ལེགས་པའི་སྒོ་ནས་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་དང་། གསར་སྤེལ་དངུལ་ཁང་གསར་པ། དར་གོས་ལམ་བུའི་ཐེབས་རྩ་སོགས་ཀྱི་ཐོན་ཁུངས་ལེགས་པོ་སྤྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་གཏན་འབེབས་བྱས་པ།
       གསུམ་ནས་ཉོ་ཚོང་སྟབས་བདེའི་བྱ་སྤྱོད་ལག་བསྟར་བྱ་རྒྱུ་ཡིན་ཞིང། ཀྲུང་གོས་ཨ་ཧྥེ་རི་ཁ་ནས་ནང་འདྲེན་བྱས་པའི་ཚོང་ཟོག་དང་ལྷག་པར་དུ་ཐོན་ཁུངས་ཀྱི་རིགས་མིན་པའི་ཐོན་རྫས་ནང་འདྲེན་བྱེད་རྒྱ་ཆེ་རུ་བཏང་སྟེ། ཨ་ཧྥེ་རི་ཁའི་སྐམ་སའི་རང་མོས་ཉོ་ཚོང་ཁུལ་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གློག་རྡུལ་ཚོང་དོན་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་གཏན་འབེབས་བྱས་པ།
        བཞི་ནས་ལྗང་མདོག་འཕེལ་རྒྱས་བྱ་སྤྱོད་ལག་བསྟར་བྱ་རྒྱུ་ཡིན་ཞིང་། ཀྲུང་གོས་ཨ་ཧྥེ་རི་ཁ་དང་མཉམ་དུ་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུ་དང་། རྒྱ་མཚོའི་མཉམ་ལས། ཐང་རྒོད་ཅན་འགོག་བཅོས། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་སོགས་ཀྱི་སྤེལ་རེས་མཉམ་ལས་ལ་གཙོ་གནད་ཤུགས་སྣོན་རྒྱག་རྒྱུའི་གཏན་འབེབས་བྱས་པ།
        ལྔ་ནས་ནུས་པ་འཛུགས་སྐྱོང་བྱ་སྤྱོད་ལག་བསྟར་བྱ་རྒྱུ་ཡིན་ཞིང་། ཀྲུང་གོས་ཨ་ཧྥེ་རི་ཁ་དང་མཉམ་དུ་འཕེལ་རྒྱས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། ཨ་ཧྥེ་རི་ཁར་མི་ཤུགས་ཐོན་ཁུངས་གསོ་སྦྱོང་བྱེད་པ་དང་གཞོན་ནུའི་གསར་གཏོད་ལས་གཏོད་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་བྱས་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གསར་གཏོད་མཉམ་ལས་ལྟེ་གནས་བསྐྲུན་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་གཏན་འབེབས་བྱས་པ།
       དྲུག་ནས་བདེ་ཐང་འཕྲོད་བསྟེན་བྱ་སྤྱོད་ལག་བསྟར་བྱ་རྒྱུ་ཡིན་ཞིང། ཀྲུང་གོས་སྨན་བཅོས་འཕྲོད་བསྟེན་གྱི་ཨ་ཧྥེ་རི་ཁར་རོགས་སྐྱོར་བྱེད་པའི་རྣམ་གྲངས་50ལེགས་སྒྱུར་རིམ་སྤོར་བྱས་ནས་ཨ་ཧྥེ་རི་ཁར་ཆེད་ཚན་སྨན་པ་དེ་བས་མང་བ་གསོ་སྦྱོང་བྱེད་པ་དང་། ཨ་ཧྥེ་རི་ཁར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་མུ་མཐུད་མངགས་གཏོང་བྱ་རྒྱུ་དང་ཆབས་ཅིག་ལེགས་སུ་བཏང་ནས“འོད་སྣང་བྱ་སྤྱོད་དང་། གཅེས་སེམས་བྱ་སྤྱོད། འཛུམ་མདངས་བྱ་སྤྱོད”སོགས་སྨན་བཅོས་སྐོར་སྐྱོད་བྱེད་སྒོ་སྤེལ་ཏེ་ཉམས་ཞན་ཚོགས་སྤྱིར་ཕྱོགས་པའི་བུད་མེད་དང་བྱིས་པའི་གཅིག་སེམས་གཅིག་སྦྲེལ་གྱི་འདུ་འགོད་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་པ།
         བདུན་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱ་སྤྱོད་ལག་བསྟར་བྱ་རྒྱུ་ཡིན་ཞིང་། ཀྲུང་གོས་ཀྲུང་གོ་ཨ་ཧྥེ་རི་ཁའི་ཞིབ་འཇུག་ཁང་བཙུགས་ཏེ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་དར་གོས་ལམ་བུའི་རྒྱལ་སྤྱིའི་ཟློས་གར་ཁང་དང་། རྟེན་རྫས་བཤམས་མཛོད་ཁང་། སྒྱུ་རྩལ་དུས་ཆེན་སོགས་ཀྱི་མནའ་འབྲེལ་ལ་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྨྱན་སྦྱོར་མཉམ་ལས་དྲ་རྒྱ་གཏོད་རྒྱུ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གཉིས་ཀྱིས་རིག་གནས་ལྟེ་གནས་མཉམ་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ། ཨ་ཧྥེ་རི་ཁའི་སློབ་གསོའི་སྒྲིག་གཞིས་ཁུང་ཙི་སློབ་གླིང་གཉེར་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་དེ་བས་མང་བ་ཀྲུང་གོའི་སྤྱི་དམངས་ཚོགས་སྒྲིག་རྣམ་པའི་ཡུལ་སྐོར་དམིགས་སར་འགྱུར་བར་རྒྱབ་སྐྱོར་བྱ་རྒྱུའི་གཏན་འབེབས་བྱས་པ།
        བརྒྱད་ནས་ཞི་བདེ་བདེ་འཇགས་བྱ་སྤྱོད་ལག་བསྟར་བྱ་རྒྱུ་ཡིན་ཞིང་། ཀྲུང་གོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཞི་བདེ་བདེ་འཇགས་ཀྱི་མཉམ་ལས་ཐེབས་རྩ་བཙུགས་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁས་ཞི་བདེ་བདེ་འཇགས་དང་། ཞི་བདེ་སྲུང་སྐྱོང་། བརྟན་ལྷིང་སྲུང་སྐྱོང་གི་མཉམ་ལས་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ས་ཁུལ་གྱི་བདེ་འཇགས་སྲུང་སྐྱོང་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཐད་ཀྱི་འབད་བརྩོན་ལ་རྒྱབ་སྐྱོར་བྱེད་རྒྱུ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཞི་བདེ་བདེ་འཇགས་གླེང་སྟེགས་འཛུགས་རྒྱུ་བཅས་ཀྱི་གཏན་འབེབས་བྱས་པ་རེད།
        ཞི་ཅིན་ཕིང་གིས“བྱ་སྤྱོད་ཆེན་པོ་བརྒྱད”ལག་བསྟར་བདེ་བླག་ཡོང་བར་སྐུལ་འདེད་གཏོང་ཆེད། ཀྲུང་གོས་སྲིད་གཞུང་གིས་རོགས་སྐྱོར་བྱེད་པ་དང་། དངུལ་རྩའི་ལས་ཁུངས་དང་ཁེ་ལས་ཀྱིས་མ་དངུལ་འཇོག་པ་དང་མ་དངུལ་བསྡུ་རུབ་སོགས་བྱེད་ཐབས་སྣེ་མང་བརྒྱུད་དེ་ཨ་ཧྥེ་རི་ཁར་ཨ་སྒོར་དུང་ཕྱུར་600རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་བསྟན་གནང་བ་རེད།
        མཇུག་ཏུ་ཞི་ཅིན་ཕིང་གིས། གཞོན་ནུ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་རེ་བ་བཅོལ་ས་རེད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི“བྱ་སྤྱོད་ཆེན་པོ་བརྒྱད”ཀྱི་གྲོས་འགོའི་ནང་བྱེད་ཐབས་མང་པོ་ཞིག་གཞོན་ནུ་དང་། གཞོན་ནུ་གསོ་སྦྱོང་། གཞོན་ནུར་རོགས་སྐྱོར་བྱ་རྒྱུ་བཅས་ལ་དམིགས་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་ཀྱི་རྒྱུག་མཐུད་དབྱུག་པ་གཞོན་ནུའི་མི་རབས་ཀྱི་ལག་ཏུ་བརྒྱུད་སྤྲོད་ཟམ་མི་ཆད་པར་བྱས་ཚེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་ལ་སྔར་བས་གསོན་ཤུགས་ཀྱིས་ཁེངས་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་དང་ཨ་ཧྥེ་རི་ཁའི་མི་དམངས་ཀྱི་མཐུན་སྒྲིལ་དར་རྒྱས་ཀྱི་ཕུགས་འདུན་གང་མགྱོགས་མངོན་འགྱུར་ཐུབ་པ་རང་ཉིད་ལ་ཡིད་ཆེས་ཡོད་ཅེས་ནན་བཤད་གནང་བ་རེད།
       ཞི་ཅིན་ཕིང་གི་གསུང་བཤད་ལ་ཚོགས་ར་ཡོངས་ཀྱི་ཨ་ཧྥེ་རི་ཁའི་འགོ་ཁྲིད་དང་སྐུ་མགྲོན་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་དང་། ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲ་ཡང་ནས་ཡང་དུ་བསྒྲགས་པ་རེད།
       ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ལ་མིག་སྔར་ཀྲུང་གོ་དང་། ཀྲུང་གོ་དང་ཕྱི་འབྲེལ་འབྲེལ་བ་བཙུགས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་53 ཨ་ཧྥེ་རི་ཁའི་མནའ་འབྲེལ་ཨུ་ཡོན་ལྷན་ཁང་བཅས་ཁྱོན་ཁོངས་མི་55ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་པོས་2006ལོ་དང་། 2015ལོ། 2018ལོ་བཅས་ལ་དབུ་ཚོགས་ཐེངས་གསུམ་གཉེར་ཡོད། ད་རེས་དབུ་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི“མཉམ་ལས་གཉིས་ཕན་དང་ལག་གདང་སྦྲེལ་ནས་དེ་བས་ཟབ་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས”ཞེས་པ་དེ་ཡིན་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ། ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་《2063ལོའི་གྲོས་རིམ་》སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་གཙོ་གནད་གྲོས་བསྡུར་བྱ་རྒྱུ་ཡིན་པ་རེད།

༄༅།།ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་གཟབ་རྒྱས་ངང་འགོ་ཚུགས་པ།