མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་རུ་ཝང་ཏའི་ཙུང་ཐུང་ཁཱ་ཅ་མེ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་06ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་4ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོཌ་ཁང་ཆེ་མོར་རུ་ཝང་ཏའི་ཙུང་ཐུང་ཁཱ་ཅེ་མེ་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་གྲོལ་མ་ཐག་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་ནི་ལོ་རྒྱུས་རང་བཞིན་ལྡན་པའི་ཚོགས་འདུ་གཟབ་རྒྱས་ཤིག་ཡིན་ཞིང་། ཙུང་ཐུང་སྐུ་ཞབས་ཉིད་རུ་ཝང་ཏའི་ཙུང་ཐུང་དང་ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་མིང་ཐོབ་གཉིས་ཀྱི་ཐོག་ནས་དབུ་ཚོགས་ལ་ཞུགས་ཏེ་དབུ་ཚོགས་གྲུབ་འབྲས་ལྡན་པའི་ངང་འཚོག་ཐུབ་ཕྱིར་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་པས་ངས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་མང་པོ་ཞིག་འཚང་ཁ་ཤིག་ཤིག་ངང་ཀྲུང་གོར་ཚོགས་འདུར་ཞུགས་པ་དེ་ཐོག་ནས་ཨ་ཧྥེ་རི་ཁའི་མི་དམངས་ཀྱིས་ཀྲུང་གོར་བཅངས་པའི་བརྩེ་དུང་ཟབ་མོ་ང་ཚོས་གང་ལེགས་ཚོར་བྱུང་། ད་རེས་དབུ་ཚོགས་ཀྱི་མཛད་རིམ་དང་བྱེད་སྒོ་མང་ཡང་སྔར་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྱེད་བསྲིང་དང་འཕེལ་རྒྱས་བྱུང་བ་མཐོང་སྐབས་ང་ཚོ་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཀྲུང་རུ་ཕྱོགས་གཉིས་པོས་འདི་ལོ་ཟླ་བ་བདུན་པར་ང་རུ་ཝང་ཏར་འཚམས་འདྲིར་སྐྱོད་སྐབས་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་གལ་ཆེའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་དང་པེ་ཅིང་གི་དབུ་ཚོགས་ལ་གྲུབ་འབྲས་ཐོབ་པ་གོ་སྐབས་སུ་བྱས་ནས་འཐབ་ཇུས་སྦྲེལ་མཐུད་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་རྒྱབ་སྐྱོར་མུ་མཐུད་བྱེད་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཟབ་ཏུ་གཏོང་བ་བཅས་ཀྱི་སྒོ་ནས་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་མཉམ་ལས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་ཞེས་གསུངས་པ་རེད།
     ཁཱ་ཅ་མེ་ཡིས་པེ་ཅིང་གི་དབུ་ཚོགས་ཐུགས་གྲ་ལེགས་འགྲིག་བྱུང་བ་དེས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དབར་གྱི་འབྲེལ་བར་སྐུལ་མ་ནུས་ལྡན་ཐེབས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁར་ཚད་མཐོའི་མཐོང་ཆེན་གནང་བ་དང་ཧྥེ་ཀྲུང་འབྲེལ་བའི་ཐད་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་བཏོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨ་ཧྥེ་རི་ཁར་ཀྲུང་གོ་དང་འདྲ་བའི་ལོ་རྒྱུས་ཀྱི་གེགས་བར་འཕྲད་པས་ཕྱོགས་གཉིས་པོའི་འབྲེལ་བའི་རྨང་གཞི་ཟབ་མོ་ཡོད། ཀྲུང་གོས་དུས་ཡུན་རིང་པོའི་ནང་རྒྱབ་སྐྱོར་ཆེན་པོ་གནང་བར་རུ་ཝང་ཏས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འབྲེལ་རུ་ཀྲུང་མཉམ་ལས་དང་ཧྥེ་ཀྲུང་མཉམ་ལས་ལ་མུ་མཐུད་སྐུལ་མ་གཏོང་རྒྱུར་གཞོལ་རྒྱུ་ཡིན། ཀྲུང་གོའི་རྒྱབ་སྐྱོར་ཡོད་ཚེ་རུ་ཝང་ཏ་དང་ཨ་ཧྥེ་རི་ཁ་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།