མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་མ་ཏ་ཀ་སི་ཁར་གྱི་ཙུང་ཐུང་ཨའེ་ལི་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་07ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་མ་ཏ་ཀ་སི་ཁར་གྱི་ཙུང་ཐུང་ཨའེ་ལི་དང་མཇལ་འཛོམས་གནང་བ་རེད།
          ཞི་ཅིན་ཕིང་གིས་ཀྲུང་གོ་དང་མ་ཏ་ཀ་སི་ཁར་གྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད་པས་གསོན་ཤུགས་ཆེན་པོ་དང་མདུན་ལམ་ཡངས་པོ་མངོན་ཡོད། ཕྱོགས་གཉིས་པོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱེད་རྒྱུ་གོ་སྐབས་སུ་བཟུང་ནས་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་མཉམ་ལས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། མ་ཏ་ཀ་སི་ཁར་གྱིས་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་། 
          དཔལ་འབྱོར་གོང་འཕེལ་གཏོང་བ་དང་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱས་ཏེ། མ་ཏ་ཀ་སི་ཁར་ཕྱོགས་དང་མཉམ་དུ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་བྱེད་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་བྱེད་ཟབ་ཏུ་བཏང་སྟེ། མ་ཏ་ཀ་སི་ཁར་གྱིས་དཔལ་འབྱོར་རང་བརྟེན་རྒྱུན་མཐུད་གོང་འཕེལ་གཏོང་ཆེད་རོགས་སྐྱོར་ནུས་ལྡན་བྱེད་འདོད་ཡོད། ཕྱོགས་གཉིས་པོས་གནམ་གཤིས་ཀྱི་འགྱུར་ལྡོག་དང་། 2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ། ཨ་ཧྥེ་རི་ཁ་ཞི་བདེ་དང་བདེ་འཇགས་སོགས་ཀྱི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་འབྲེལ་གཏུག་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།