མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁའི་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་ཧྥ་ཅི་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་07ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨ་ཧྥེ་རི་ཁའི་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་ཧྥ་ཅི་དང་མཇལ་འཛོམས་གནང་བ་རེད།
        ཞི་ཅིན་ཕིང་གིས་ཀྲུའུ་ཞི་ཧྥ་ཅི་ཡིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་གྲུབ་འབྲས་ཐོབ་པའི་ངང་འཚོགས་ཐུབ་པར་ལེགས་སྐྱེས་གལ་ཆེན་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨ་ཧྥེ་རི་ཁའི་མནའ་འབྲེལ་ནི་ཨ་ཧྥེ་རི་ཁའི་མཉམ་འབྲེལ་རང་སྟོབས་ཀྱི་དར་ཆ་ཞིག་རེད། 
        ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱིས་ཨ་ཧྥེ་རི་ཁ་གཞི་གཅིག་ཅན་གྱི་འཕེལ་རིམ་ཁྲོད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་འཕེལ་རྒྱས་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ལས་དོན་ཁྲོད་དགེ་མཚན་ལྡན་པའི་ནུས་པ་ཆེན་པོ་འདོན་སྤེལ་བྱས་པར་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མནའ་འབྲེལ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་འབྲེལ་གཏུག་དང་མཐུན་སྦྱོར་དེ་བས་ཟབ་ཏུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་དེ་གོ་སྐབས་སུ་བྱས་ཏེ་ཨ་ཧྥེ་རི་ཁའི་མནའ་འབྲེལ་དང་མཉམ་དུ་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ། དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ། བདེ་འཇགས་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་མནའ་འབྲེལ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ཨ་ཧྥེ་རི་ཁའི་བྱེད་སྟངས་ཐོག་ནས་ཨ་ཧྥེ་རི་ཁའི་གནད་དོན་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་མ་ཟད། ཨ་ཧྥེ་རི་ཁའི་རང་ངོས་ཀྱི་ཞི་བདེ་སྲུང་སྐྱོང་དང་བརྟན་ལྷིང་སྲུང་སྐྱོང་གི་ནུས་པ་ཆེ་རུ་གཏོང་རྒྱུ་དང་ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱིས་རྒྱལ་ཁབ་དང་ས་ཁོངས་སྒྲོལ་བའི་མཉམ་ལས་ནང་དེ་བས་ཆེ་བའི་སྣེ་ཁྲིད་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་བྱ་རྒྱུར་ཡང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།