མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨར་ཅི་རི་ཡའི་ཙུང་ལི་ཝུ་ཡེ་ཧའེ་ཡ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་07ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

       མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨར་ཅི་རི་ཡའི་ཙུང་ལི་ཝུ་ཡེ་ཧའེ་ཡ་དང་མཇལ་འཛོམས་གནང་བ་རེད།
       ཞི་ཅིན་ཕིང་གིས་ཝུ་ཡེ་ཧའེ་ཡར་ཙུང་ཐུང་པུའུ་ཐེ་ཧྥོ་ལི་ཁ་ལ་མཛའ་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་ལུགས་བརྒྱུད་ཞུ་གནང་རོགས་ཞུས་པ་དང་སྦྲགས། ཨར་ཅི་རི་ཡས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་གྲུབ་འབྲས་ཐོབ་པའི་ངང་འཚོཌ་ཐུབ་པར་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨར་ཅི་རི་ཡའི་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་པ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་དང་ཨར་ཅི་རི་ཡས་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་མཐུན་ཡོད་པ་རེད། འདི་ལོ་ནི་ཀྲུང་གོ་དང་ཨར་ཅི་རི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་ལོ་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཨར་ཅི་རི་ཡའི་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་ནང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་མུ་མཐུད་བྱེད་ཟབ་ཏུ་གཏོང་འདོད་ཡོད། འདི་ལོ་ནི་ཀྲུང་གོས་ཨར་ཅི་རི་ཡ་དང་ཨ་ཧྥེ་རི་ཁར་སྨན་བཅོས་རུ་ཁག་མངགས་ནས་ལོ་55འཁོར་བའི་ལོ་ཞིག་ཀྱང་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཨར་ཅི་རི་ཡ་ཕྱོགས་དང་མཉམ་དུ་འཕྲོད་བསྟེན་ཁྱབ་ཁོངས་སུ་མུ་མཐུད་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་ཁྱེད་ཚོའི་རྒྱལ་ཁབ་ཀྱི་མི་དམངས་ཀྱི་བདེ་ཐང་དང་བདེ་རྩ་ཆེ་རུ་གཏོང་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།