མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཁོང་ཀོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་སཱ་སུའུ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་07ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཁོང་ཀོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་སཱ་སུའུ་དང་མཇལ་འཛོམས་གནང་བ།

       མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཁོང་ཀོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་སཱ་སུའུ་དང་མཇལ་འཛོམས་གནང་བ་རེད།
       ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་ཁོང་ཀོ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་ལེགས་གྲུབ་ལྡན་པའི་ངང་འཚོག་རྒྱུར་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མིག་སྔར་ཀྲུང་ཁོང་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ་སྤྱི་མཐུན་རྒྱལ་ཁབ་ཉིད་དུས་དང་རྣམ་པ་ཀུན་ཏུ་གྲོགས་པོར་བརྩི་ཡི་ཡོད། ཁོང་ཀོ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་ཤུགས་སྔར་བས་སྲ་བརྟན་གཏིང་ཟབ་ཏུ་གཏོང་བ་དང་། མཐོ་རིམ་དང་རིམ་པ་ཁག་དབར་གྱི་འགྲོ་འོང་རྒྱ་ཆེར་གཏོང་བ། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་བྱ་ཤུགས་ཆེ་རུ་གཏོང་བ། སྲིད་ཇུས་དང་། འདུ་ཤེས། འཐབ་ཇུས་བཅས་སྤེལ་རེས་བྱ་ཤུགས་ཆེ་རུ་གཏོང་བ། ཀྲུང་ཁོང་འབྲེལ་བའི་ཁ་ཕྱོགས་ཡང་དག་སྟངས་འཛིན་ནན་པོ་བྱེད་པ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་པ་བཅས་ཀྱི་སྒོ་ནས་ཀྲུང་ཁོང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་སྙིང་དོན་ཟམ་མི་ཆད་པར་ཟབ་ཏུ་གཏོང་འདོད་ཡོད། ཕྱོགས་གཉིས་པོས་ད་དུང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གྲོས་གཞི་གལ་ཆེན་ཐད་མཐུན་སྦྱོར་གཞོགས་འདེགས་བྱ་ཤུགས་ཆེ་རུ་བཏང་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་དང་རྒྱལ་སྤྱིའི་སྒྲིག་ལམ་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཕྱོགས་གཉིས་པོའི་དབར་གྱི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་གི་ཡོད།
      ཁོང་ཀོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་སྔར་བས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་བར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
       སཱ་སུའུ་ཡིས་ཨ་ཧྥེ་རི་ཁའི་འགོ་ཁྲིད་མི་སྣ་མང་པོ་འདི་འདྲ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་ལ་ཞུགས་པ་དེ་ཐོག་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ལུགས་མཚོན་ཡོད། ཁོང་ཀོ་ཕྱོགས་ཀྱིས་དབུ་ཚོགས་ཐོག་གྲོས་འཆམ་བྱུང་བའི་པེ་ཅིང་གི་བསྒྲགས་གཏམ་དང་པེ་ཅིང་གི་བྱ་སྤྱོད་འཆར་གཞིར་རྦད་དེ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་རོགས་རམ་ཤུགས་ཆེན་གནང་བར་ཁོང་ཀོ་ཕྱོགས་ནས་ཐུགས་རྗེ་ཞུ་རྒྱུ་ཡིན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལ་གདེང་འཇོག་མཐོ་པོ་བྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི“བྱ་སྤྱོད་ཆེན་པོ་བརྒྱད”ལ་བསྔགས་བརྗོད་ཀྱང་བྱེད་ཀྱི་ཡོད། རང་ཉིད་ཀྱི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་འཐབ་ཇུས་དེ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་སྦྲེལ་མཐུད་བྱས་ཏེ་རང་སོ་སོའི་འཕེལ་རྒྱས་མགྱོགས་སུ་གཏོང་འདོད་ཡོད། ཁོང་ཀྲུང་མཛའ་གྲོགས་གཞོམ་ཞིག་མེད་པས་ཧྥེ་ཀྲུང་འབྲེལ་བའི་སྐོར་གྱི་རྒྱལ་སྤྱིའི་གཏམ་འཆལ་དེ་རིགས་ཀྱིས་ཁོང་ཀོ་ཕྱོགས་ལ་ཤུགས་རྐྱེན་ཐེབས་མི་སྲིད་ཅིང་། ཁོང་ཀྲུང་དང་ཧྥེ་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་ཡང་བློ་བརྟན་འགྱུར་མེད་ངང་གཞོལ་རྒྱུ་ཡིན་ཞེས་གསུངས་པ་རེད།
       མཇལ་འཛོམས་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་ཡིག་ཆར་མིང་རྟགས་བཀོད་པར་དཔང་པོ་གནང་བ་རེད།