མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་08ཉིན། 12:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་གསར་དུ་བཟོ་བཅོས་བརྒྱབ་པའི་མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་ལེ་ལག་ཚང་བའི་བྱ་ཐབས་དོན་འཁྱོལ་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་གཏན་འཁེལ་བྱས་པ་དང་། སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་ལས་གཏོད་མ་འཇོག་ཐེབས་རྩའི་དཔྱ་ཁྲལ་གྱི་ཁུར་པོ་སྤྱིའི་ཆ་ནས་ལྕི་རུ་མི་གཏོང་རྒྱུའི་གཏན་འབེབས་བྱས་པ། “གཉིས་གཏོད”ཀྱི་རིམ་སྤོར་རྣམ་པ་བཏོད་དེ་ལས་ཞུགས་ཀྱི་ནུས་པ་དང་། ཚན་རྩལ་གསར་གཏོད་ཀྱི་ནུས་པ། ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་བཅས་ཆེ་རུ་དང་སྐུལ་ཁྲིད་བྱ་རྒྱུའི་བཀོད་སྒྲིག་བྱས་པ། 《ཁེ་བེད་བདག་ཐོབ་ཀྱི་འགན་ཚབ་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་འཆམ་བྱས་པ་བཅས་རེད།
       ཚོགས་འདུའི་ཐོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་གསར་དུ་བཟོ་བཅོས་བརྒྱབ་པའི་མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཕྱོགས་བསྡུས་དང་རིགས་དབྱེ་ཕན་ཚུན་ཟུང་འབྲེལ་བྱེད་པའི་མི་སྒེར་གྱི་ཐོབ་ཁྲལ་ལམ་ལུགས་འཛུགས་པ་ནི་རང་རྒྱལ་དུ་སྔར་ན་བྱུང་མྱོང་མེད་པའི་དཔྱ་ཁྲལ་ལམ་ལུགས་ཀྱི་སྒྱུར་བཅོས་གལ་ཆེན་ཞིག་རེད། ཟླ་10ཚེས་1ཉིན་ནས་བཟུང་དུས་བཀག་ལྟར་མི་སྒེར་གྱི་ཐོབ་ཁྲལ་གྱི་གཞི་རྩའི་འཕྲི་འཐེན་འགྲོ་གྲོན་གྱི་ཚད་གཞི་སྒོར་3500ནས་སྒོར་5000བར་མཐོ་རུ་གཏོང་རྒྱུ་མ་ཟད་དཔྱ་ཁྲལ་གྱི་ཚད་གཞིའི་རེའུ་མིག་གསར་པ་སྤྱོད་པ་དང་དུས་མཚུངས་རྒྱ་ཆེའི་མང་ཚོགས་ལ་དངོས་ཕན་དེ་བས་མང་བ་ཐོབ་པ་བྱེད་པའི་བླང་བྱར་ནན་པོ་གཞིགས་ཏེ་བུ་ཕྲུག་གི་སློབ་གསོ་དང་། རྒྱུན་མཐུད་སློབ་གསོ། ནད་ཆེན་གྱི་སྨན་བཅོས། སྤྱིར་བཏང་སྡོད་ཁང་གི་དངུལ་བུན་སྐྱེད་ཀ སྡོད་ཁང་གི་བོགས་གླ། རྒན་རྒོན་འཚོ་སྐྱོང་གི་གཏོང་སྒོ་བཅས་ཆེད་དོན་6གི་ཟུར་སྣོན་འཕྲི་འཐེན་གྱི་ཞིབ་ཕྲའི་ཁྱབ་ཁོངས་དང་ཚད་གཞི་ཁ་གསལ་བཟོ་རྒྱུ་དང་། མང་ཚོགས་ཀྱི་དཔྱ་ཁྲལ་ཡོང་འབབ་ཐད་གཞི་རྩའི་འགྲོ་གྲོན་གྱི་ཚད་གཞི་འཕྲི་འཐེན་བྱས་པའི་རྨང་གཞིའི་ཐོག་སློབ་གསོ་དང་། སྨན་བཅོས། རྒན་གསོ་སོགས་ཕྱོགས་མང་པོའི་ཐད་ཀྱི་ཟུར་སྣོན་འཕྲི་འཐེན་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱས་ཏེ་འཕྲི་འཐེན་བྱས་རྗེས་དཔྱ་ཁྲལ་ཡོང་འབབ་ཀྱི་ཚད་གཞི་དམའ་ཤོས་སྒོར་5000ལས་མངོན་གསལ་གྱིས་མཐོ་བ་ཡོད་པ་བྱས་ནས་མང་ཚོགས་ཀྱི་ཁྲལ་འབབ་ཁུར་པོ་སྔར་བས་ཡང་དུ་དང་། གྲོང་མིའི་ཡོང་འབབ་དངོས་མང་དུ། འཛད་སྤྱོད་བྱེད་ནུས་ཆེ་རུ་བཅས་གཏོང་རྒྱུ་རེད། ཆེད་དོན་གྱི་ཟུར་སྣོན་འཕྲི་འཐེན་ཁྱབ་ཁོངས་དང་ཚད་གཞི་སྤྱི་ཚོགས་ནས་ཡོངས་བསྒྲགས་ཐོག་བསམ་འཆར་བསྡུ་ལེན་བྱས་རྗེས་ཁྲིམས་ལྟར་དུས་སང་གི་ཟླ་1ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ་ཡིན། སླད་ཕྱིན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་འགྲོ་བ་དང་སྦྲགས་ཆེད་དོན་ཟུར་སྣོན་འཕྲི་འཐེན་གྱི་ཁྱབ་ཁོངས་དང་ཚད་གཞི་ཡང་བབ་བསྟུན་གྱིས་ལེགས་སྒྲིག་བྱ་རྒྱུ་ཡིན་ཞེས་བཏོན་པ་རེད།