མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུའུ་ཞི་ཞི་ཅིན་ཕིང་ཨུ་རུ་སུར་ཕེབས་ནས་སྐབས་བཞི་པའི་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ནང་ཞུགས་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་09ཉིན། 12:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་7ཉིན། ཕྱི་འབྲེལ་པུས་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་བརྡ་གཏོང་ཚོགས་འདུ་འཚོགས་པ་རེད། ཕྱི་འབྲེལ་པུའི་པུའུ་ཀྲང་ལས་རོགས་ཀྲང་ཧན་ཧུའེ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ཨུ་རུ་སུར་ཕེབས་ནས་སྐབས་བཞི་པའི་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ནང་ཞུགས་རྒྱུའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་ཡང་བསྐྱོན་པ་རེད།
         ཀྲང་ཧན་ཧུའེ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་ཟླ་9ཚེས་11དང་12ཉིན་ཨུ་རུ་སུའི་ཧྥུ་ལ་ཏི་ཝོ་སི་ཐུའོ་ཁེར་ཕེབས་ནས་སྐབས་བཞི་པའི་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ནང་ཞུགས་རྒྱུ་རེད། ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ནི་ཙུང་ཐུང་ཕུའུ་ཅིང་གིས་2015ལོར་སྐུ་ངོ་མས་གྲོས་འགོ་བཏོན་ནས་གཉེར་བ་དང་ཨུ་རུ་སུས་རྒྱང་ཤར་ས་ཁུལ་གྱི་མཉམ་ལས་ལ་སྐུལ་མ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། དེ་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་གཙོ་བདག་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ནང་ཞུགས་ཐེངས་དང་པོ་ཡིན་ལ་ལོ་སྨད་ཀྱི་ཀྲུང་གོ་དང་ཨུ་རུ་སུའི་གལ་ཆེ་ཤོས་ཀྱི་ཕྱོགས་གཉིས་ཀྱི་མཐོ་རིམ་འབྲེལ་གཏུག་ཀྱང་ཡིན། ཨུ་རུ་སུར་བཞུགས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱོགས་གཉིས་དང་ཕྱོགས་མང་གི་བྱེད་སྒོ་རབ་དང་རིམ་པའི་ནང་ཞུགས་རྒྱུ་རེད་ལ་དེའི་ནང་གི་གལ་ཆེ་ཤོས་ནི་ཙུང་ཐུང་ཕུའུ་ཅིང་དང་ལྷན་དུ་ལོ་འདིའི་ནང་གི་མཇལ་འཛོམས་ཐེངས་གསུམ་པ་གནང་རྒྱུ་དང་། མཚན་འགོད་མཛད་སྒོར་ཞུགས་རྒྱུ། ཐུན་མོང་ཐོག་གསར་འགོད་པར་མཇལ་འཕྲད་གནང་རྒྱུ་དང་འབྲེལ་ཙུང་ཐུང་ཕུའུ་ཅིང་གི་གདན་ཞུའི་གསོལ་སྟོན་ལ་ཕེབས་རྒྱུ་བཅས་རེད། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ད་དུང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་། དཔལ་འབྱོར་ཚོང་དོན། ས་གནས་སོགས་ཀྱི་ལེ་ལག་ཚང་བའི་བྱེད་སྒོ་ཕུན་སུམ་ཚོགས་པོ་རབ་དང་རིམ་པར་ཞུགས་རྒྱུ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ཀྱི་ཚང་འཛོམས་ཚོགས་འདུའི་ཐོག་ཤིས་ཚིག་གསུང་རྒྱུ་མ་ཟད་གནས་ཚུལ་ལ་གཞིགས་ནས་གླེང་སྟེགས་ཀྱི་བྱེད་སྒོ་གཞན་དག་ལའང་ཞུགས་རྒྱུ་ཡིན་ཁར་གླེང་སྟེགས་ཀྱི་འབྲེལ་ཡོད་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཛའ་གྲོགས་སྤེལ་རེས་ནང་དུའང་ཞུགས་རྒྱུ་རེད་ཅེས་གསུངས།
         ཀྲང་ཧན་ཧུའེ་ཡིས། ད་རེས་གདན་ཞུ་ལྟར་ཀྲུའུ་ཞི་ཞི་ཅིན་ཕིང་ཨུ་རུ་སུར་ཕེབས་ནས་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ནང་ཞུགས་རྒྱུ་ཡིན་པ་དེས་ཀྲུང་གོ་དང་ཨུ་རུ་སུ་ཕྱོགས་གཉིས་དབར་ཕན་ཚུན་རྒྱབ་སྐྱོར་གྱིས་རྒྱལ་སྤྱིའི་བྱེད་སྒོ་གལ་ཆེན་གཉེར་བའི་སྲོལ་རྒྱུན་ཡག་པོ་རྒྱུན་མཐུད་བྱས་པ་ཞིག་ཡིན་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆུ་ཚད་མཐོན་པོ་མཚོན་པ་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་རྒྱང་ཤར་ས་ཁུལ་གྱི་མཉམ་ལས་ནང་ཞུགས་རྒྱུར་ཚད་མཐོའི་མཐོང་ཆེན་དང་དེ་བཞིན་ས་ཁུལ་དེའི་རྒྱལ་ཁབ་དང་མཉམ་དུ་ས་ཁུལ་དེ་གའི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་མ་གཏོང་བའི་ཆོད་སེམས་བརྟན་པོ་མཚོན་ཞིང་། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་མུ་མཐུད་ཆུ་ཚད་མཐོན་པོའི་གོང་འཕེལ་ཡོང་རྒྱུར་སྔར་བས་སྣེ་ཁྲིད་བྱ་རྒྱུ་དང་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་མཉམ་ལས་ལ་སྐུལ་མ་ནུས་ལྡན་གཏོང་བ་དང་། ཕྱོགས་གཉིས་ཀྱི་རྒྱང་ཤར་ས་ཁུལ་གྱི་མཉམ་ལས་ལ་གྲུབ་འབྲས་གསར་པ་འཐོབ་རྒྱུར་སྐུལ་མ་གཏོང་བ། ཕྱོགས་ཁག་དང་ལག་གདང་སྦྲེལ་ནས་ས་ཁུལ་དེ་གའི་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་རྩ་དེ་བས་མང་བ་གཏོད་ཐུབ་ངེས་རེད་ཅེས་གསུངས་པ་རེད།