མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་མོ་རོ་ཁོའི་གཙོ་བདག་ཨའར་པེ་ཁྲི་ཐོག་གཉིས་པའི་ཆིན་ཝང་དང་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་09ཉིན། 12:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་མོ་རོ་ཁོའི་གཙོ་བདག་ཨའར་པེ་ཁྲི་ཐོག་གཉིས་པའི་ཆིན་ཝང་དང་གྲོས་མོལ་གནང་བ།

      མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་7ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་མོ་རོ་ཁོའི་གཙོ་བདག་ཨའར་པེ་ཁྲི་ཐོག་གཉིས་པའི་ཆིན་ཝང་དང་གྲོས་མོལ་གནང་བ་རེད།
       ཞི་ཅིན་ཕིང་གིས་ཨའར་པེ་ཁྲི་ཐོག་གཉིས་པ་དང་མོ་རོ་ཁོའི་རྒྱལ་པོ་ཚང་གིས་ཀྲུང་མོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་འབད་བརྩོན་དུས་ཡུན་རིང་པོ་གནང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་གསུངས་ཤིང་། ཁོང་གིས་མོ་རོ་ཁོར་དམིགས་བསལ་གྱི་ཡིད་དབང་འཕྲོག་ཤུགས་ལྡན་ཞིང་། དུས་ཡུན་རིང་པོའི་ནང་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་ཡོད། ཀྲུང་གོ་དང་མོ་རོ་ཁོའི་དབར་ས་ཐག་རིང་པོ་ཆོད་པ་དང་རྒྱལ་ཁབ་ཀྱི་གནས་ཚུལ་ཐད་ཧེ་བག་ཆེ་ཙམ་ཡོད་མོད། འོན་ཀྱང་རྒྱལ་ཁབ་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། ལྟ་སྟངས་གཅིག་འཛིན། མཉམ་ལས་གཉིས་ཕན་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་པས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཡག་པོ་བྱུང་བ་དང་ཆབས་ཅིག རྒྱལ་ཁབ་ཆེ་ཆུང་ཚང་མར་མཛའ་གྲོགས་མཉམ་གནས་དང་ཐུན་མོང་འཕེལ་རྒྱས་ཐད་མིག་དཔེ་ཡག་པོ་ཞིག་བསྟན་ཡོད། ཀྲུང་གོ་དང་མོ་རོ་ཁོ་ཕྱོགས་གཉིས་པོས་མུ་མཐུད་འབྲེལ་བ་དམ་ཟབ་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་གཞིར་བཟུང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། ནུས་རྒྱུ་གཙང་མ། ལྗང་མདོག་ཐཱན་ཉུང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་རྒྱུའི་སྐོར་ལ་ཞིབ་དཔྱད་བྱེད་པ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཐད་རྣམ་པ་ཕུན་སུམ་ཚོགས་སུ་བཏང་ནས་རྒྱལ་ཁབ་ཆེ་ཆུང་ཚང་མ་དང་མཛའ་མཐུན་འགྲོ་འོང་བྱེད་པའི་མིག་དཔེ་མུ་མཐུད་སྟོན་དགོས། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་ཨུ་ཡོན་ཡིན་པའི་ཨའར་པེ་ཁྲི་ཐོག་གཉིས་པའི་ཆིན་ཝང་གིས་2008ལོའི་དབྱར་དུས་ཨོ་རྩལ་འགྲན་ཚོགས་ཀྲུང་གོས་གཉེར་རྒྱུར་རྒྱབ་སྐྱོར་གནང་ཡོད། ང་ཚོས་ཁྱེད་ཀྲུང་གོར་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
      ཨའར་པེ་ཁྲི་ཐོག་གཉིས་པས་ཀྲུང་གོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་གྲུབ་འབྲས་ཐོབ་པའི་སྒོ་ནས་འཚོགས་པར་རྟེན་འབྲེལ་ཞུ་རྒྱུ་ཡིན་ཞེས་གསུངས་ཤིང། ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛད་བྲེལ་ཤིན་ཏུ་ཆེ་ནའང་ང་རྒྱལ་དོན་འཚམས་འདྲིར་ཡོང་བར་སྣེ་ལེན་གནང་བས་སེམས་འགུལ་ཆེན་པོ་ཐེབས་བྱུང་། ད་རེས་ནི་ང་ཀྲུང་གོར་འཚམས་འདྲིར་ཡོང་ཐེངས་བཅུ་པ་ཡིན། ཀྲུང་གོར་ཡོང་རིམ་བཞིན་ཀྲུང་གོའི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པ་མཐོང་རྒྱུ་འདུག མོ་རོ་ཁོ་ཕྱོགས་ཀྱིས་མོ་རོ་ཁོ་དང་ཀྲུང་གོའི་དབར་གྱི་ཕྱོགས་གཉིས་པོའི་འབྲེལ་བར་བློ་ཡིད་ཚིམ་པོ་བྱེད་ཀྱི་ཡོད། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་ཀྲུང་གོའི་ནུས་པ་གལ་ཆེན་ལ་བསྔགས་བརྗོད་ཆེན་པོ་ཞུ་རྒྱུ་དང་འབྲེལ་རྒྱབ་སྐྱོར་གང་ཐུབ་ཅི་ཐུབ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་དང་གཉིས་ཁེ་གཉིས་ཕན་གྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ངས་2022ལོའི་པེ་ཅིང་ཀྲང་ཅ་ཁའུ་ཡི་དགུན་དུས་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་འཚོག་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ལ་རྒྱབ་སྐྱོར་ཡང་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
      ཞི་ཅིན་ཕིང་གིས་གྲོལ་མ་ཐག་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་ཀྱི་གནས་ཚུལ་ངོ་སྤྲོད་གནང་རྗེས་ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་མཉམ་ལས་རོགས་ཟླ་སྣ་མང་ཅན་དུ་འགྱུར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། མོ་རོ་ཁོ་ཚུད་པའི་རྒྱལ་ཁབ་ཁག་དང་མཉམ་ལས་ཀྱིས་ཨ་ཧྥེ་རི་ཁར་ཡུན་རིང་ཞི་བདེ་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ཡོང་རྒྱུར་ཐུན་མོང་ཐོག་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
       གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཨའར་པེ་ཁྲི་ཐོག་གཉིས་པར་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་ཤིང་། དབྱང་ཅེ་ཁྲེ་དང་ཝང་དབྱི་སོགས་ཞུགས་ཡོད་པ་རེད།