མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པ་ཚོར་
དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་12ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པ་ཚོར་
དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་10ཉིན། རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་འགྲོ་ལམ་མཐའ་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས། གཞི་རྩའི་རྒྱལ་བབ་ལ་གཞི་ཚུགས་པ། སློབ་གསོའི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ། སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་བྱེད་པ། མི་སེམས་གཅིག་འགྲིལ་དང་། མིའི་ཀུན་སྤྱོད་ལེགས་གཏོང་། མི་ཤུགས་གསར་སྤེལ། ཤེས་ལྡན་པ་གསོ་སྐྱོང་། མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་ཀྱི་ལས་ཀའི་དམིགས་ཚད་ལ་གཞིགས་ནས། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱས་ཏེ་སློབ་གསོ་དེང་རབས་ཅན་ལ་འགྱུར་བ་དང་། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་རྒྱུ་བཅས་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         ཟླ་9ཚེས་10ཉིན་ནི་རང་རྒྱལ་གྱི་དགེ་རྒན་དུས་ཆེན་ཐེངས་སོ་བཞི་པ་རེད། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པ་ཚོར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་ཤིང་། ཁོང་གིས་དུས་ཡུན་རིང་པོའི་ནང་རྒྱ་ཆེའི་དགེ་རྒན་ཚོས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་བྱས་ཏེ་དཔེ་ཁྲིད་མི་སྐྱོང་དང་། སེམས་ནུས་ཡོད་རྒུ་འདོན་པ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་དར་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དགེ་རྒན་ནི་མིའི་རིགས་ཀྱི་བསམ་པའི་བཟོ་སྐྲུན་ཆེ་མོ་ཞིག་དང་། མིའི་རིགས་ཀྱི་ཤེས་དཔལ་འཛིན་སྤེལ་མཁན་ཞིག་རེད། དེས་ཤེས་བྱ་ཁྱབ་སྤེལ་དང་། བསམ་བློ་ཁྱབ་སྤེལ། བདེན་དོན་ཁྱབ་སྤེལ། བླ་སྲོག་གཏོད་པ། ཚེ་སྲོག་གཏོད་པ། མི་གསར་གཏོད་པ་བཅས་ཀྱི་དུས་རབས་ཀྱི་འགན་འཁྲི་ལྕི་པོ་འཁུར་ཡོད། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྤྱི་ཚོགས་ཀྱི་གོམས་སྲོལ་དར་སྤེལ་བཏང་སྟེ། དགེ་རྒན་གྱི་ཆབ་སྲིད་ཀྱི་གནས་བབ་དང་། སྤྱི་ཚོགས་ཀྱི་གནས་བབ། ལས་རིགས་ཀྱི་གནས་བབ་བཅས་མཐོ་རུ་ཧུར་ཐག་བཏང་ནས་རྒྱ་ཆེའི་དགེ་རྒན་ཚོར་ལྡན་དགོས་ངེས་ཀྱི་སྤྱི་ཚོགས་ཀྱི་སྙན་གྲགས་ལྡན་པར་བྱས་ཏེ་དཔེ་ཁྲིད་མི་སྐྱོང་གི་ལས་གནས་ཐོག་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
         ལི་ཁེ་ཆང་གིས་ཚོགས་འདུའི་ཐོག་གསུང་བཤད་གནང་བ་དང་། དབང་དབྱང་དང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཚོགས་འདུར་ཕེབས་པ་རེད།
         ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་གཏོང་བ་དང་། སློབ་གསོ་དེང་རབས་ཅན་ལ་འགྱུར་མགྱོགས་སུ་གཏོང་བ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་བྱེད་པ་བཅས་ཀྱི་བཀོད་སྒྲིག་གལ་ཆེན་གནང་ཡོད། སློབ་གསོ་ནི་མི་རིགས་དར་རྒྱས་དང་སྤྱི་ཚོགས་ཡར་ཐོན་གྱི་རྨང་རྡོ་གལ་ཆེན་ཞིག་དང་། བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་བསྐལ་བརྒྱར་ཐོན་པའི་ཕན་སྦྱར་ལས་གཞི་ཞིག་རེད། དེ་མི་དམངས་ཀྱི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་རྒྱུ་དང་། མིའི་ཕྱོགས་ཡོངས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ། ཀྲུང་ཧྭ་མི་རིགས་ཀྱི་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་ཆེ་རུ་གཏོང་རྒྱུ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད། སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ཞིག་རེད་ཅེས་མཛུབ་སྟོན་གནང་བ་རེད།
        ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ང་ཚོས་མི་སྣ་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། ཇི་ལྟར་བྱས་ནས་མི་སྣ་གསོ་སྐྱོང་བྱེད་པ། སུའི་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་པ་བཅས་ཀྱི་རྩ་བའི་གནད་དོན་དེར་དམིགས་ཏེ་ཏང་གིས་སློབ་གསོའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ། སློབ་གྲྭའི་བསམ་བློ་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་རྒྱག་པ། སློབ་གསོ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། སློབ་གསོའི་ཞན་ཆ་གང་མགྱོགས་གསབ་པ། སློབ་གསོའི་བྱ་གཞག་གི་ཀྲུང་གོའི་ཁྱད་ཆོས་སྔར་བས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། སློབ་གསོ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་པས་སློབ་གསོའི་ཐད་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། རང་རྒྱལ་གྱི་སློབ་གསོའི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ནུས་མགྱོགས་མྱུར་ཆེ་རུ་ཕྱིན་ཏེ་ཀྲུང་གོ་མི་དམངས་དུང་ཕྱུར་13ལྷག་ཙམ་གྱི་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་དང་ཚན་རིག་རིག་གནས་ཀྱི་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས། ལག་ལེན་ཁྲོད་ང་ཚོས་སློབ་གསོའི་སྒྱུར་བཅོས་འཕེལ་རྒྱས་ཐད་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། ལྟ་བ་གསར་པ་བཅས་རབ་དང་རིམ་པ་བཏོན་པའི་ནང་གཙོ་བོ་གཤམ་གསལ་ཕྱོགས་ཁག་ཡོད་པ་སྟེ། ཏང་གིས་སློབ་གསོའི་བྱ་གཞག་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་རྩ་བའི་ལས་འགན་ལ་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ཀྲུང་གོའི་ས་གཞི་ཆེ་མོར་གཞི་ཚུགས་ནས་སློབ་གསོ་གཉེར་རྒྱུ་མཐའ་འཁྱོངས་བྱེད་པ། མི་དམངས་ལྟེ་བར་བཟུང་སྟེ་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། སློབ་གསོ་སྒྱུར་བཅོས་དང་གསར་གཏོད་གཏིང་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཞབས་འདེགས་ཞུ་རྒྱུ་དེ་སློབ་གསོའི་ལས་འགན་གཙོ་བོར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་རྨང་གཞིའི་ལས་དོན་ལ་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་བྱེད་དགོས། འདི་ནི་ང་ཚོས་རང་རྒྱལ་གྱི་སློབ་གསོའི་བྱ་གཞག་གི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་པ་ཞིག་དང་ལས་སླ་པོར་ཐོབ་པ་ཞིག་མིན་པས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་ཆབས་ཅིག་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་གཏོང་དགོས་ཞེས་མཛུབ་སྟོན་གནང་བ་རེད།
         ཞི་ཅིན་ཕིང་གིས། དུས་རབས་གསར་པ་དང་དུས་བབ་གསར་པ་དང་། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན། མིའི་ཕྱོགས་ཡོངས་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེས་སློབ་གསོ་དང་སློབ་སྦྱོང་ཐད་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད། ང་ཚོས་གོ་སྐབས་དམ་འཛིན་དང་སྔོན་ལ་བཀོད་སྒྲིག་བྱས་ཏེ་དེ་བས་མཐོ་བའི་ལོ་རྒྱུས་ཀྱི་ཚུགས་གནས་དང་། དེ་བས་ཡངས་པའི་རྒྱལ་སྤྱིའི་མཐོང་རྒྱ། དེ་བས་གཏིང་ཟབ་པའི་འཐབ་ཇུས་ཀྱི་མིག་རྒྱང་བཅས་ཀྱི་ཐོག་ནས་སློབ་གསོ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་དང་སློབ་གསོར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུའི་ཐད་སྤྱིའི་བཀོད་སྒྲིག་དང་འཐབ་ཇུས་ཀྱི་འཆར་འགོད་བྱས་ཏེ་སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྔོན་སྤྱོད་བྱ་ཐབས་གལ་ཆེན་ཞིག་ལ་བརྩིས་ཏེ་རྒྱུན་ཆད་མེད་པར་སློབ་གསོ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བའི་བླང་བྱ་དང་འཚམ་པ་དང་། མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་མཐུན་པ། རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་དང་རྒྱལ་སྤྱིའི་གནས་བབ་དང་འཚམ་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས། མི་སྣ་གང་འདྲ་ཞིག་གསོ་སྐྱོང་བྱ་རྒྱུ་ནི་སློབ་གསོའི་གནད་དོན་ཨང་དང་པོ་རེད། རང་རྒྱལ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དེས་ང་ཚོའི་སློབ་གསོའི་ཐད་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུ་དེ་རྩ་བའི་ལས་འགན་ལ་བརྩིས་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་སྲུང་ཞུ་མཁན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆེད་ཚེ་གང་འབད་འཐབ་བྱེད་རྒྱུའི་སེམས་ཤུགས་ཡོད་པའི་སྤྱོད་གོ་ཆོད་པའི་ཤེས་ལྡན་པ་མི་རབས་མང་པོ་གསོ་སྐྱོང་བྱེད་དགོས། འདི་ནི་སློབ་གསོའི་ལས་དོན་གྱི་རྩ་བའི་ལས་འགན་ཡིན་ལ་སློབ་གསོ་དེང་རབས་ཅན་གྱི་ཁ་ཕྱོགས་དང་དམིགས་ཚད་ཅིག་ཀྱང་རེད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་རྒྱུའི་ཐད་འབད་བརྩོན་ལྷོད་མེད་བྱས་ཏེ་སློབ་མས་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་བཅངས་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ་སློབ་མའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་ཆེ་རུ་བཏང་སྟེ་མི་རིགས་བསྐྱར་དར་གྱི་དུས་རབས་ཀྱི་འགན་འཁྲི་ལྕི་པོ་འཁུར་རྒྱུའི་བློ་ཐག་གཅོད་དགོས། རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་རྒྱུའི་ཐད་འབད་བརྩོན་ལྷོད་མེད་བྱས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དེ་སློབ་མའི་སེམས་ཁོངས་སུ་བརྟན་པོ་ཟུག་པ་དང་། སློབ་མས་ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞེན་དང་བརྩི་བཀུར་ཞུ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་རྒྱུའི་སེམས་ཐག་བཅད་དེ་མི་དམངས་ཁྲོད་གཞི་ཚུགས་པ་དང་རྒྱལ་ཁབ་ལ་ལེགས་སྐྱེས་འབུལ་རྒྱུའི་སེམས་ཐག་གཅོད་དགོས། ཀུན་སྤྱོད་བློ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་འབད་བརྩོན་ལྷོད་མེད་བྱས་ཏེ་སློབ་མས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། ཏན་ཏན་ཏིག་ཏིག་གི་སྒོ་ནས་ཀུན་སྤྱོད་བློ་སྦྱོང་བྱས་ཏེ་བརྩེ་བ་དང་། ཀུན་སྤྱོད། བརྩེ་སེམས་བཅས་ཆེན་པོ་ལྡན་པའི་མི་ཞིག་ཏུ་འགྱུར་བ་བྱེད་དགོས། ཤེས་བྱ་དང་མཐོང་རྒྱ་ཆེ་རུ་གཏོང་རྒྱུའི་ཐད་འབད་བརྩོན་ལྷོད་མེད་བྱས་ཏེ་སློབ་མས་སློབ་སྦྱོང་གི་དུས་སྐབས་བཟང་པོར་གཅེས་སྤྲས་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་ཤེས་བྱ་སློབ་སྦྱོང་བྱེད་པ། མཐོང་རྒྱ་ཆེ་རུ་དང་ཤེས་བྱ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ་བདེན་དོན་དོན་གཉེར་དང་། གནས་ལུགས་རྟོགས་པ། གནས་ལུགས་གསལ་པོ་ཤེས་པ་བཅས་ཀྱི་ཕྱོགས་སུ་མདུན་སྐྱོད་བྱེད་དགོས། འབད་འཐབ་ཀྱི་སྙིང་སྟོབས་གསོ་སྐྱོང་བྱེད་རྒྱུའི་ཐད་འབད་བརྩོན་ལྷོད་མེད་བྱས་ཏེ་སློབ་མས་ཕུགས་འདུན་སེམས་སུ་བཅང་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། འགན་འཁྲི་འཁུར་ཕོད་པ་དང་འབད་འཐབ་ལྷོད་མེད་བྱེད་པའི་སྙིང་སྟོབས་སྦྱོང་བརྡར་བྱེད་པ། འབད་འཐབ་ལྷོད་མེད་ཀྱི་བསམ་པའི་ཉམས་འགྱུར་དང་བག་ཕེབས་ཡར་ཐོན་གྱི་མི་ཚེའི་རྣམ་འགྱུར་ལྡན་པ་བཅས་བྱས་ནས་སྟོབས་ཤུགས་ལྡན་པ་དང་འབད་འབུངས་ལྷོད་མེད་ཐུབ་པ་བྱེད་དགོས། ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་རྒྱུའི་ཐད་འབད་བརྩོན་ལྷོད་མེད་བྱས་ཏེ་སློབ་མས་ཕྱོགས་བསྡུས་ནུས་པ་ཆེ་རུ་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ་གསར་གཏོད་ཀྱི་བསམ་གཞི་འཇགས་པ་བྱེད་དགོས། བདེ་ཐང་ཨང་དང་པོ་ཡིན་པའི་སློབ་གསོའི་འདུ་ཤེས་ཟབ་ཏུ་བཏང་ནས་ལུས་རྩལ་སློབ་ཚན་འདང་ངེས་འཚོགས་ཏེ་སློབ་མར་ལུས་རྩལ་སྦྱོང་བརྡར་ཁྲོད་སྤྲོ་སྣང་ལོངས་སྤྱོད་ཐུབ་པ་དང་། གཟུགས་གཞི་ཐང་དུ་གཏོང་བ། མི་གཤིས་འཐུས་ཚང་དུ་གཏོང་བ། སྙིང་སྟོབས་སྦྱོང་བརྡར་བཅས་བྱེད་རོགས་བྱེད་དགོས། སློབ་གྲྭའི་མཛེས་རིག་སློབ་གསོར་ཕྱོགས་ཡོངས་ནས་ཤུགས་སྣོན་དང་ལེགས་སུ་བཏང་སྟེ་མཛེས་དཔྱད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པ་དང་རིག་གནས་ལ་བརྟེན་ནས་མི་ལ་སློབ་གསོ་ཐེབས་རྒྱུ་མཐའ་འཁྱོངས་བྱས་ཏེ་སློབ་མའི་མཛེས་རིག་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས། སློབ་མའི་ཁྲོད་ངལ་རྩོལ་གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་སློབ་མས་ངལ་རྩོལ་གོང་དུ་བཀུར་བ་དང་ངལ་རྩོལ་ལ་བརྩི་འཇོག་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ་ངལ་རྩོལ་ནི་གཟི་བརྗིད་ཆེ་ཤོས་དང་། 
         ངལ་རྩོལ་ནི་བླ་ན་མེད་པ། ངལ་རྩོལ་ནི་རླབས་ཆེ་ཤོས། ངལ་རྩོལ་ནི་མཛེས་ཤོས་བཅས་ཀྱི་གནས་ལུགས་རྟོགས་ཐུབ་པ་བྱས་ཏེ་ཆེན་པོ་ཆགས་རྗེས་དཀའ་སྤྱད་ངལ་རྩོལ་དང་། དྲང་གཞག་ངལ་རྩོལ། གསར་གཏོད་རང་བཞིན་གྱི་ངལ་རྩོལ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་སྤྱོད་ལམ་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་ནས་གསོ་སྦྱོང་བྱེད་པའི་སློབ་གསོའི་མ་ལག་ཧུར་ཐག་བསྐྲུན་ནས་ཆུ་ཚད་དེ་བས་མཐོ་བའི་ཤེས་ལྡན་པ་གསོ་སྦྱོང་བྱེད་པའི་མ་ལག་ཆགས་པ་བྱེད་དགོས། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་བསམ་བློ་ཀུན་སྤྱོད་སློབ་གསོ་དང་། རིག་གནས་ཤེས་བྱའི་སློབ་གསོ། སྤྱི་ཚོགས་ལག་ལེན་སློབ་གསོ་བཅས་ལྷུ་ཚིགས་ཁག་ཏུ་མཉམ་འདྲེས་བྱེད་པ་དང་རྨང་གཞིའི་སློབ་གསོ་དང་། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ་བཅས་ཀྱི་ཁྱབ་ཁོངས་ཁག་ཏུ་ཁྱབ་པར་བྱས་ནས་རིག་ཚན་མ་ལག་དང་། སློབ་ཁྲིད་མ་ལག སློབ་གཞིའི་མ་ལག དོ་དམ་མ་ལག་བཅས་ཐད་དམིགས་ཚད་དེར་གཞིགས་ནས་ཇུས་འགོད་བྱེད་པ་དང་། དགེ་རྒན་གྱིས་དམིགས་ཚད་དེར་བརྟེན་ནས་སློབ་ཁྲིད་བྱེད་པ། སློབ་མས་དམིགས་ཚད་དེར་གཞིགས་ནས་སློབ་སྦྱོང་བཅས་བྱེད་དགོས། དམིགས་ཚད་དེ་མངོན་འགྱུར་བྱེད་པར་ཕན་ཐོགས་མེད་པའི་བྱེད་སྟངས་ཚང་མ་སྒྱུར་བཅོས་མཐའ་གཅིག་ཏུ་བྱེད་དགོས་ཞེས་བསྟན་གནང་བ་རེད།
        ཞི་ཅིན་ཕིང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་ཐད་དགེ་རྒན་དཔུང་ཁག་ལ་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད་ལ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་ཐད་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད། མི་དམངས་ཀྱི་དགེ་རྒན་གཟི་བརྗིད་ཤིན་ཏུ་ཆེ་བས་དགེ་རྒན་ཚང་མས་གཟི་བརྗིད་དེར་གཅེས་སྤྲས་དང་ལས་རིགས་དེར་གཅེས་སྤྲས་བྱས་ཏེ་རང་ཉིད་ལ་རེ་བ་ནན་པོ་བཅོལ་ནས་རང་ཉིད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས། དགེ་རྒན་ཞིག་བྱེད་པར་དཔེ་ཁྲིད་མི་སྐྱོང་གི་ལས་ལ་ཧུར་ཐག་གཞོལ་དགོས་པ་དང་སློབ་གསོར་དགའ་ཞེན་བྱེད་པའི་ངེས་ཤུགས་དང་ཁེ་གྲགས་སྤོང་བའི་སྤྱོད་ཚུལ་བརྟན་སྲུང་བྱེད་དགོས། སློབ་གཉེར་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་གཏོང་བ་དང་སྦྲགས་སློབ་གསོའི་ཐད་ཀྱི་གཏོང་ཆ་གཏོང་ཤུགས་ཐད་དགེ་རྒན་ལ་གཟིགས་སྐྱོང་དེ་བས་མང་བ་བྱས་ཏེ་དགེ་རྒན་གྱི་ཐོབ་ཐང་ཟམ་མི་ཆད་པར་མཐོ་རུ་བཏང་ཐོག་རྒྱ་ཆེའི་དགེ་རྒན་གྱིས་སེམས་རྣལ་ལ་ཕབ་ནས་སློབ་ཁྲིད་ཐུབ་པ་དང་སེམས་རྩ་འཁོལ་པོས་སློབ་ཁྲིད་ཐུབ་པ་བྱེད་དགོས། དགེ་རྒན་དཔུང་ཁག་ཁྲོད་ལྷག་པའི་གནད་དོན་ལ་བཅའ་ཁྲིམས་དང་སྒྲིག་ཁྲིམས་ལྟར་ཆད་གཅོད་ནན་པོ་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་སློབ་གསོའི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་བྱས་ཏེ་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་དོན་འཁྱོལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་ཚན་རིག་དང་མི་མཐུན་པའི་སློབ་ཁྲིད་གདེང་འཇོག་གི་སྟོན་ཕྱོགས་འགྱུར་ལྡོག་བཏང་ནས་སྐར་གྲངས་དང་། སློབ་འཕར། སློབ་ཐོན་ལག་ཁྱེར། དཔྱད་རྩོམ། ཞྭ་མོ་བཅས་ཁོ་ནར་གཞི་འཛིན་པའི་གནད་དོན་མཐའ་གཅིག་ཏུ་ཁྱད་བསད་བྱས་ཐོག་སློབ་གསོའི་གདེང་འཇོག་གི་བཀོད་འདོམས་དབྱུག་པའི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་བྱེད་དགོས། སློབ་གཉེར་སྒྲིག་གཞི་དང་སློབ་གསོའི་དོ་དམ་སྒྱུར་བཅོས་གཏིང་ཟབ་བྱས་ཏེ་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་གང་ལེགས་འཕེལ་བར་བྱེད་དགོས། སློབ་གསོས་དཔལ་འབྱོར་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་ནུས་ཆེ་རུ་བཏང་སྟེ་མཐོ་སློབ་ཀྱི་ས་ཁོངས་བཀོད་པ་དང་། རིག་ཚན་གྲུབ་ཆ། ཆེད་ལས་བཀོད་སྒྲིག་བཅས་ལེགས་སྒྲིག་བྱས་ནས་རིག་ཚན་ཆེད་ལས་ཀྱི་འགུལ་རྣམ་ལེགས་སྒྲིག་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སློབ་ཆེན་རྩེ་གྲ་དང་རིག་ཚན་རྩེ་གྲ་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་སྟེ་ཐོན་སློབ་ཞིབ་གསུམ་མཉམ་ལས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུའི་ནང་ཧུར་ཐག་ཞུགས་ནས་གསར་གཏོད་རྣམ་པ་དང་། སྣ་འདུས་རྣམ་པ། བཀོལ་སྤྱོད་རྣམ་པ་བཅས་ཀྱི་ཤེས་ལྡན་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས། སློབ་གསོ་སྒོ་དབྱེ་བྱེད་རྒྱ་ཆེ་རུ་བཏང་ནས་འཛམ་གླིང་གི་ཐོན་ཁུངས་རྩེ་གྲ་དང་ཆུ་ཚད་མཐོ་བའི་མཉམ་ལས་སློབ་གཉེར་བྱེད་དགོས་ཞེས་བསྟན་གནང་བ་རེད།
        ཞི་ཅིན་ཕིང་གིས་ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་སློབ་གསོ་ཡག་པོ་གཉེར་བའི་རྩ་བའི་འགན་ལེན་རེད། སློབ་གསོའི་སྡེ་ཚན་དང་རིམ་ཁག་དང་རིགས་ཁག་གི་སློབ་གྲྭའི་ཏང་རྩ་འཛུགས་ཀྱིས“འདུ་ཤེས་བཞི”ཟབ་ཏུ་དང“གདེང་ཚོད་བཞི”བརྟན་དུ་བཏང་ནས་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐད་རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་སྟེ་ཏང་སྲིད་འགོ་ཁྲིད་བློ་མཐུན་གཙོ་བོས་སློབ་གསོར་རྒྱུས་མངའ་ལོན་པ་དང་། སློབ་གསོར་སེམས་ཁུར་བྱེད་པ། སློབ་གསོར་ཞིབ་འཇུག་བྱེད་པ་བཅས་བྱེད་དགོས། རིམ་ཁག་སློབ་གྲྭ་ཁག་གི་ཏང་རྩ་འཛུགས་ཀྱིས་སློབ་གྲྭའི་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་སློབ་གཉེར་སློབ་སྐྱོང་གི་གཞི་རྩའི་ནུས་རྩལ་དུ་བརྩིས་ནས་ཏང་གི་སློབ་གསོའི་མཛད་ཕྱོགས་དེ་སློབ་གྲྭའི་ལས་དོན་ཚང་མར་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས། བསམ་བློ་ཆབ་སྲིད་ལས་དོན་ནི་སློབ་གྲྭའི་ལས་དོན་ཁག་གི་སྲོག་རྩ་ཡིན་པས་རིམ་ཁག་ཏང་ཨུད་དང་། རིམ་ཁག་སློབ་གཉེར་སྡེ་ཚན། སློབ་གྲྭའི་ཏང་རྩ་འཛུགས་བཅས་ཚང་མས་ངེས་པར་དུ་དམ་འཛིན་ཡག་པོ་བྱེད་དགོས། བསམ་བློ་ཆབ་སྲིད་ཀྱི་ལས་དོན་སྒྲུབ་ཐུབ་པའི་ཆབ་སྲིད་ལས་དོན་དཔུང་ཁག་ཅིག་གསོ་སྐྱོང་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་བསམ་བློ་ཆབ་སྲིད་ལས་དོན་རྣམ་ཀུན་ནས་སྤེལ་བ་དང་མི་སྒེར་ཐོག་དོན་འཁྱོལ་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་སློབ་གསོའི་བྱ་གཞག་ཡག་པོ་སྒྲུབ་པར་ཁྱིམ་ཚང་དང་། སློབ་གྲྭ སྲིད་གཞུང་། སྤྱི་ཚོགས་བཅས་ཚང་མར་འགན་འཁྲི་ཡོད། ཁྱིམ་ཚང་ནི་མི་ཚེའི་ནང་གི་སློབ་གྲྭ་དང་པོ་དེ་ཡིན་པ་དང་ཁྱིམ་བདག་ནི་ཕྲུ་གུའི་དགེ་རྒན་དང་པོ་དེ་ཡིན་སྟབས་ཕྲུ་གུར“མི་ཚེའི་སློབ་ཚན་དང་པོ”དེ་ཡག་པོ་ཁྲིད་པ་དང་མི་ཚེའི་འགྲོ་ལུགས་འགྲོ་སྟངས་ཡག་པོ་སློབ་དགོས། སློབ་གསོ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་གྱིས་སྤྱི་ཚོགས་ཐོན་ཁུངས་སྤྱི་འདོམས་མཐུན་སྦྱོར་བྱས་ནས་ཁྱིམ་ཚང་སློབ་གསོར་རྒྱབ་སྐྱོར་དང་ཞབས་འདེགས་ཞུ་དགོས། སྤྱི་ཚོགས་ཡོངས་ཀྱིས་གཞོན་ནུ་ལོ་ཆུང་འཚར་ལོངས་དང་ཤེས་ལྡན་པར་གྱུར་པའི་འགན་འཁྲི་ཡག་པོ་ཁུར་དགོས་པ་དང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སློབ་གྲྭའི་སློབ་གཉེར་བདེ་འཇགས་ཐད་མཐིལ་འདེགས་བྱས་ནས་སློབ་གྲྭའི་སེམས་ཁྲལ་སེལ་བ་དང་། དགེ་རྒན་དང་སློབ་གྲྭར་ཡོད་དགོས་ངེས་ཀྱི་ལ་རྒྱ་སྲུང་བ། སློབ་མའི་ཚེ་སྲོག་བདེ་འཇགས་སྲུང་བ་བཅས་བྱེད་དགོས་ཞེས་བསྟན་གནང་བ་རེད།