མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་སྐབས་བཞི་པའི་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ་དང་
འབྲེལ་ཤིས་ཚིག་ཀྱང་གསུངས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་14ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་སྐབས་བཞི་པའི་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ་དང་
འབྲེལ་ཤིས་ཚིག་ཀྱང་གསུངས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་12ཉིན་སྐབས་བཞི་པའི་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་ཧྥུ་ལ་ཏི་ཨོ་སི་ཐོ་ཁེར་འཚོགས་ཤིང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་དཔའ་ཐུལ་ཐོ་ལེ་དགའ། རི་པིན་གྱི་དབུ་ཞུགས་བློན་ཆེན་ཨན་པེ་ཅིན་སན། ཧན་གོའི་ཙུང་ལི་ལི་ལུའོ་ཡོན་སོགས་ཞུགས་པ་རེད།
          ཞི་ཅིན་ཕིང་གིས་《རྒྱང་ཤར་ས་ཁུལ་གྱི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་མཉམ་སྤྱོད་བྱེད། ཨེ་ཤེ་ཡ་བྱང་ཤར་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་》ཅེས་འགོ་བརྗོད་དུ་འཁོད་པའི་ཤིས་ཚིག་གསུངས་ནས་ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་དང་རྒྱལ་ཁབ་དང་མཉམ་དུ་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ཏེ་རྒྱལ་ཁབ་ཁག་ལ་གཉིས་ཁེ་གཉིས་ཕན་ཡོང་བར་བྱེད་པ་དང་། མི་དམངས་ཀྱི་སྲོལ་རྒྱུན་མཛའ་གྲོགས་ཟབ་ཏུ་གཏོང་བ། ཕྱོགས་བསྡུས་མཐུན་སྦྱོར་འཕེལ་རྒྱས་ཡོང་བ་བཅས་བྱས་ཏེ་ས་ཁུལ་དེ་གའི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་གྲ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་ཙུང་ཐུང་ཕུའུ་ཅིང་སྐུ་ངོ་མས་གྲོས་འགོ་བཏོན་པའི་འོག་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་སྐབས་གསུམ་གྲུབ་འབྲས་ཐོབ་པའི་སྒོ་ནས་གཉེར་བ་དང་། དེ་ཉིད་ཕྱོགས་ཁག་གིས་བློ་གྲོས་གཅིག་སྡུད་དང་མཉམ་ལས་ལ་ཐུན་མོང་ཐོག་གྲོས་བསྡུར་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ལ་གྱུར་ཡོད། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ཨུ་རུ་སུའི་རྒྱང་ཤར་མཉམ་ལས་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་མཁན་དང་དེའི་ནང་ཞུགས་མཁན་ཞིག་རེད། ཕྱོགས་གཉིས་པོའི་མཉམ་ལས་ཀྱི་ས་བབ་ལེགས་ཆ་དམིགས་བསལ་དང་། ཆབ་སྲིད་ཀྱི་རྨང་གཞི་བརྟན་པ། སྲིད་ཇུས་ཀྱི་འགན་ལེན་ནུས་ལྡན། ལམ་སྲོལ་ཆ་ཚང་ལ་ཕན་ནུས་ཆེ་བ་བཅས་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཉེ་བའི་ལོ་ཤས་རིང་ཀྲུང་གོ་ཕྱོགས་ཨུ་རུ་སུའི་རྒྱང་ཤར་མཉམ་ལས་ལ་ཞུགས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། འདི་ལོ་དང་སང་ལོ་ནི་ང་དང་ཙུང་ཐུང་ཕུའུ་ཅིང་གིས་གཏན་ལ་ཕབ་པའི་ཀྲུང་ཨུའི་ས་གནས་ཀྱི་མཉམ་ལས་སྤེལ་རེས་ལོ་ཡིན་པ་དེས་ཕྱོགས་གཉིས་པོའི་རྒྱང་ཤར་མཉམ་ལས་ལ་དེ་བས་ཡངས་པའི་བར་མཐོངས་ཤིག་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་དང་མཉམ་དུ་ལེགས་ཆ་གསབ་རེས་དང་གཉིས་ཁེ་གཉིས་ཕན་གྱིས་ཀྲུང་ཨུའི་རྒྱང་ཤར་མཉམ་ལས་ལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
         ཞི་ཅིན་ཕིང་གིས་དུས་བབ་གསར་པའི་འོག་ང་ཚོས་ལག་གདང་དཔུང་སྦྲེལ་བྱས་ཏེ་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་གནང་བ་སྟེ།
         གཅིག་ནས་ཕན་ཚུན་ཡིད་ཆེས་ཟབ་ཏུ་བཏང་སྟེ་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས་ཤིང་། འཆམ་མཐུན་དང་། ཡིད་ཆེས། མཐུན་སྒྲིལ། བརྟན་ལྷིང་བཅས་ཀྱི་ཨེ་ཤེ་ཡ་བྱང་ཤར་གྱི་རྒྱལ་ཁབ་ཁག་གི་ཁེ་ཕན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་སྒུག་དང་འཚམ་པ་བྱེད་དགོས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཆམ་མཐུན་མཛའ་གྲོགས་ཀྱི་མཐའ་འཁོར་ཁོར་ཡུག་ཧུར་ཐག་བཏོད་དེ་དགེ་མཚན་ལྡན་པའི་རྣམ་འགྱུར་གྱི་ཐོག་ནས་ས་ཁུལ་གྱི་མཉམ་ལས་ནང་ཞུགས་ཏེ་ས་ཁུལ་གྱི་རྒྱལ་ཁབ་ཁག་གི་སྤེལ་རེས་དང་སྐད་ཆ་ཤོད་རེས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་རྒྱུ་ཡིན། མུ་མཐུད་དེ་ཕྱོགས་ཁག་དང་མཉམ་དུ་ཨེ་ཤེ་ཡ་བྱང་ཤར་གྱི་རྒྱུན་མཐུད་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ཐབས་ལམ་ནུས་ལྡན་འཚོལ་ཞིབ་བྱས་ཏེ་ས་ཁུལ་དེར་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ཡོང་རྒྱུར་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད།
         གཉིས་ནས་མཉམ་ལས་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་ཁག་ལ་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་དགོས་ཤིང་། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ཧུར་ཐག་བྱེད་པ་དང་སྲིད་ཇུས་སྦྲེལ་མཐུད་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་མཉམ་ལས་ཀྱི་ཁ་ཕྱོགས་ཆེན་པོ་སྟངས་འཛིན་བྱེད་པ་དང་། རྒྱལ་མཚམས་བརྒལ་བའི་རྨང་གཞིའི་སྒྲིག་བཀོད་ཀྱི་མཉམ་སྦྲེལ་མཉམ་མཐུད་དང་། ཚོང་དོན། མ་འཇོག་བཅས་རང་མོས་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་གཙོ་གནད་དུ་མཐོ་རུ་བཏང་ནས་སྒོ་དབྱེ་རྣམ་པའི་ས་ཁོངས་དཔལ་འབྱོར་ཐུན་མོང་ཐོག་འཛུགས་སྐྲུན་བྱེད་པ། ཕྱོགས་མང་མཉམ་ལས་ཆུང་ངུ་དང་ས་ཁོངས་ཕལ་པའི་མཉམ་ལས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་དངོས་དངོས་རྗེན་རྗེན་གྱི་རྣམ་གྲངས་དེ་བས་མང་བ་དོན་འཁྱོལ་དང་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་ནས་ས་ཁུལ་གྱི་མི་དམངས་ལ་དངོས་ཕན་དེ་བས་མང་བ་སྐྲུན་དགོས་པ།
         གསུམ་ནས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་རེས་བྱས་ཏེ་མི་དམངས་ཀྱི་སྲོལ་རྒྱུན་མཛའ་གྲོགས་ཟབ་ཏུ་གཏོང་དགོས་ཤིང་། སྤེལ་རེས་ཐབས་ལམ་རྒྱ་ཆེར་གཏོང་བ་དང་མཉམ་ལས་བྱེད་སྟངས་གསར་གཏོད་བྱས་ནས་རྒྱལ་ཁབ་ཁག་དང་ལོ་ན་མི་འདྲ་བ་ཁག་གི་མང་ཚོགས་སྤེལ་རེས་བྱ་རྒྱུར་སྟབས་བདེ་ཧུར་ཐག་སྐྲུན་པ་དང་ལས་སྟེགས་གཏོད་དགོས་པ།
         བཞི་ནས་ཕུགས་ལ་དམིགས་ཏེ་ཕྱོགས་བསྡུས་མཐུན་སྦྱོར་འཕེལ་རྒྱས་ཡོང་བ་བྱེད་དགོས་ཤིང་། ཨེ་ཤེ་ཡ་བྱང་ཤར་ས་ཁུལ་གྱི་མཐུན་སྦྱོར་འཕེལ་རྒྱས་གཏོང་སྟངས་གསར་པ་འཛུགས་རྒྱུར་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཚན་རྩལ་གསར་གཏོད་མགྱོགས་པོ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་གཏོང་བ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་ཀྱི་བཀོད་པ་དང་འཚོ་བ་སྐྱེལ་སྟངས་ཤིག་ཆགས་པ་བཅས་བྱས་ནས་ཐུན་མོང་ལ་འཕྲད་པའི་ས་ཁོངས་རང་བཞིན་གྱི་ཁོར་ཡུག་གི་གནད་དོན་ལ་མཉམ་དུ་ཁ་གཏད་གཅོག་དགོས་པ་བཅས་སོ།
         ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ས་ཁུལ་དང་རྒྱལ་ཁབ་ཁག་དང་མཉམ་དུ་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་དུས་རབས་ཀྱི་འཕེལ་ཕྱོགས་དང་འཚམ་པར་བྱས་ཏེ་ཨུ་རུ་སུའི་རྒྱང་ཤར་ས་ཁུལ་དང་ཨེ་ཤེ་ཡ་བྱང་ཤར་ས་ཁུལ་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ས་ཁུལ་དེ་གའི་སྣེ་མང་ཅན་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་ཐུན་མོང་གི་ཁེ་ཕན་དོན་གཉེར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ས་ཁུལ་འདི་གའི་མི་དམངས་ལ་མཉམ་ལས་ཀྱི་གོ་སྐབས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱས་ཏེ་རྒྱང་ཤར་ས་ཁུལ་དང་ཨེ་ཤེ་ཡ་བྱང་ཤར་ས་ཁུལ་གྱི་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས་པའི་ནན་བཤད་གནང་བ་རེད།
        ཕུའུ་ཅིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་འབྲེལ་ཡོད་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་སྐབས་བཞི་པའི་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ལ་ཞུགས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཨུ་ཀྲུང་གཉིས་ཀྱིས་ཨུ་རུ་སུ་རྒྱང་ཤར་ས་ཁུལ་དུ་མཉམ་ལས་བྱེད་པའི་འཕེལ་ཕྱོགས་ཡག་པོ་ཡོད་པར་བསྔགས་བརྗོད་གནང་བ་རེད། ཕུའུ་ཅིང་གིས་རྒྱང་ཤར་ནི་ཨུ་རུ་སུའི་སྔོན་ལ་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་ཤིག་རེད། མིག་སྔར་རྒྱང་ཤར་ས་ཁུལ་གྱི་དཔལ་འབྱོར་འཕར་བ་དང་ཕྱི་རྒྱལ་གྱི་མ་དངུལ་འགུགས་ཚད་ཚང་མ་ཨུ་རུ་སུའི་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད། རྒྱང་ཤར་འཕེལ་རྒྱས་ནི་སྒོ་དབྱེའི་འཕེལ་རྒྱས་ཤིག་རེད། ཨུ་རུ་སུ་སྲིད་གཞུང་གིས་རྒྱལ་ཁབ་ཁག་གི་ཁེ་ལས་མ་འཇོག་ལས་དར་བྱེད་པར་ཡོང་ནས་རྒྱང་ཤར་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་ཐུབ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཨུ་རུ་སུ་ཕྱོགས་ཀྱིས་ས་ཁུལ་གྱི་ཕྱོགས་ཁག་དང་མཉམ་དུ་དངོས་སྒྲུབ་མཉམ་ལས་བྱེད་པ་དང་གཉིས་ཁེ་གཉིས་ཕན་ཡོང་བ་བྱས་ཏེ་ཨེ་ཤེ་ཡ་བྱང་ཤར་ས་ཁུལ་གྱི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།