མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་སུ་རྟོག་ཞིབ་གནང་བ་དང་འབྲེལ་བཞུགས་
མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་གཞུང་དྲང་ངང་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་
དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་གཏོད་དགོས་པའི་ནན་བཤད་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་15ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

                 མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་11ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་སུ་ཕེབས་ནས་རྟོག་ཞིབ་གནང་བ་དང་འབྲེལ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་ཡང་གནང་བ་རེད།
                ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་སིར་ལི་ཁེ་ཆང་གིས་ཐོན་རྫས་ཀྱི་སྤུས་ཚད་ཚད་ལོན་ཚད་དང་ལྷག་པར་དུ་བྱིས་པའི་མཁོ་ཆས་ཀྱི་ཚད་ལོན་ཚད་ཀྱི་གནས་ཚུལ་དོ་ཁུར་ཆེན་པོས་རྩད་འདྲི་གནང་བ་དང་འབྲེལ་འཐབ་ཕྱོགས་དང་པོའི་ལྟ་སྐུལ་དོ་དམ་མི་སྣ་དང་བརྙན་ལམ་ཐོག་སྤེལ་རེས་གནང་ནས་ཁོང་ཚོས“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་སྐུལ་དོ་དམ་དང་འཐེན་བཤེར་ལོགས་དབྱེའི་བྱེད་སྟངས་སྤྱད་དེ་དྲང་གཞག་ངང་ལྟ་སྐུལ་དོ་དམ་བྱ་རྒྱུར་སྐུལ་འདེད་བཏང་བར་ཁས་ལེན་གནང་བ་རེད། ལི་ཁེ་ཆང་གིས་ཀྲུང་གོའི་བཟོ་སྐྲུན་དང་ཞབས་ཞུ་དེ་རིམ་པ་འབྲིང་མཐོར་གོམ་སྟབས་སྤོ་བར་ངེས་པར་དུ་སྤུས་ཚད་ལ་བརྟེན་ནས་རྒྱལ་ཁ་ཐོབ་པ་བྱེད་དགོས་ཀྱི་ཡོད་ལ་དེའང་སྲིད་གཞུང་གི་ལྟ་སྐུལ་དོ་དམ་གྱི་འགག་གནད་ཐུག་ས་ཞིག་རེད། 
              “དྲ་སྦྲེལ་+ལྟ་སྐུལ་དོ་དམ”སོགས་བེད་སྤྱད་དེ་ཐོན་རྫས་དང་ཞབས་འདེགས་སྤུས་ཚད་ཀྱི་བདེ་འཇགས་འགག་སྒོ་ནན་པོ་སྲུང་དགོས་ཞེས་ནན་བཤད་གནང་བ་རེད།
               དེ་རྗེས་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས“གློད་སྡོམ་ཞབས”གསུམ་ལ་སྒྱུར་བཅོས་གཏིང་ཟབ་བྱེད་པའི་འཆར་གཞི་སྙན་སྒྲོན་ཞུས་པ་དང་ལི་ཁེ་ཆང་གིས་སྒྱུར་བཅོས་མགྱོགས་སུ་བཏང་ནས་ཁེ་ལས་ཀྱི་ཐོ་ཁོངས་ནས་སུབ་དཀའ་བ་སོགས་ཚུར་སྣང་ལན་ཆ་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། མང་ཚོགས་ཀྱིས་ལས་དོན་སྒྲུབ་པའི་འགག་སྒོ་ཁག་ཤར་གཏོང་བྱས་ནས་ཁེ་ལས་དང་མང་ཚོགས་ལ་ཕན་པའི་ལས་དོན་དེ་བས་ལེགས་པ་སྒྲུབ་དགོས་ཞེས་གསུངས།
             བཞུགས་མོལ་ཚོགས་འདུའི་ཐོག་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་འགན་ཁུར་བས་སྙན་སྒྲོན་གནང་བ་དང་། ལི་ཁེ་ཆང་གིས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོས་ལས་དོན་འབོར་ཆེན་བསྒྲུབས་པར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་། སྲིད་གཞུང་གི་འགན་ནུས་སྒྱུར་བ་དང་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། གློད་སྡོམ་ཟུང་འབྲེལ། ཞབས་འདེགས་ལེགས་གཏོང་བཅས་ལ་མུ་མཐུད་སྐུལ་འདེད་བཏང་ནས་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་ལ་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། དེང་སྐབས་ཀྱི་རྙོག་འཛིང་ཧ་ཅང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་ཀྱི་མདུན་དུ་ཚོང་གཉེར་ཁོར་ཡུག་ལེགས་སུ་ཧུར་ཐག་བཏང་ནས་ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་གནས་དམའ་རུ་གཏོང་བ་དང་། ཁེ་ལས་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ། ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ་བཅས་བྱས་ཏེ་ཁྲོམ་རའི་སྐྱེ་སྟོབས་དེ་བས་ཆེ་བ་འཕེལ་བ་དང་། ནང་མཁོའི་མངོན་མེད་སྟོབས་ཤུགས་སྔོག་འདོན། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས།
            ལི་ཁེ་ཆང་གིས་ཚོང་དོན་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱས་ནས་ཆོག་འཐུས་སྔར་བས་ལྷུག་ཏུ་བཏང་སྟེ་ཁྲོམ་རའི་བྱེད་པོར་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་ཡོད་དགོས་པ་དང་། དབང་བའི་ལམ་ལུགས་ཁག་གི་ཁེ་ལས་དང་ལྷག་པར་དུ་ཕྲན་ཚེགས་ཁེ་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཁེ་ལས་ཀྱི་འགྲན་རྩོད་འཇོན་ཐང་ཆེ་རུ་དང་ལས་ཞུགས་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ཁྲོམ་རའི་ནུས་པ་འདོན་སྤེལ་ཐུབ་ཚེ་ཀྲུང་གོའི་དཔལ་འབྱོར་གྱི་འཕར་རྩ་ཆེན་པོར་དེ་བས་གསོན་ཤུགས་རྒྱས་ཐུབ་ཅེས་བསྟན་གནང་བ་རེད།
            ལི་ཁེ་ཆང་གིས་ཁྲོམ་རའི་ལྟ་སྐུལ་དོ་དམ་ནི་སྲིད་གཞུང་གི་འགན་འཁྲི་གལ་ཆེན་ཡིན་ཞིང་། ཁྲོམ་རའི་གསོན་ཤུགས་འཕེལ་བ་དང་དྲང་གཞག་ངང་ལྟ་སྐུལ་དོ་དམ་བྱེད་པ་གཅིག་ལ་གཅིག་བརྟེན་ཡིན་པས་གཞུང་དྲང་གི་ལྟ་སྐུལ་དོ་དམ་མེད་ཚེ་ཁྲོམ་རའི་དྲང་གཞག་གི་འགྲན་རྩོད་ཡོང་མི་སྲིད་ལ། འཛའ་ཐང་དམའ་བའི་དངུལ་ལོར་གྱིས་འཛའ་ཐང་མཐོ་བའི་དངུལ་ལོར་གྱི་ཚབ་བྱེད་སྲིད་པ་མ་ཟད། ཁེ་ཕན་ཐོབ་འཚོལ་གྱི་རུལ་སུངས་ཀྱི་གནད་དོན་ཐོན་སླ་པོ་ཡོད་པས་ཁྲོམ་རའི་ནུས་པར་བརྟེན་ནས་ཁེ་ལས་གསར་གཏོད་དང་སྤུས་ཚད་མཐོ་རུ་གཏོང་བར་ལྡོག་སྐུལ་བྱེད་པར་ཕན་ཐོགས་མེད། དུས་བབ་གསར་པའི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཚད་མཐོའི་གཅིག་སྡུད་ཀྱི་འཆར་གཞིའི་སྒྲིག་སྲོལ་འོག་གི་ཁྲོམ་རའི་དོ་དམ་དང་མི་འདྲ་བར་ལྟ་སྐུལ་དོ་དམ་བྱེད་སྟངས་གསར་གཏོད་བྱས་ཏེ་རིགས་དབྱེའི་ངང་ལག་བསྟར་བྱེད་དགོས། སྤྱིར་བཏང་ཚོང་ཟོག་དང་ཞབས་ཞུའི་ཁྱབ་ཁོངས་སུ“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་སྐུལ་དོ་དམ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་ཆོག་པ་དང་། ཞུ་གཏུག་དང་ཐེར་འདོན་གོང་ཞུ་བྱས་པའི་མངོན་གསལ་དོད་པའི་གནད་དོན་ནམ་ཡང་ན་སྤྱི་དམངས་ཀྱིས་དོ་ཁུར་བྱེད་པའི་ཐོན་རྫས་དང་ཞབས་འདེགས་སོགས་ལ་གཙོ་གནད་དུ་ལྟ་སྐུལ་དོ་དམ་བྱེད་དགོས་པ། བཟའ་བཅའ་དང་སྨན་རྫས་དང་དམིགས་བསལ་རིགས་ཀྱི་སྒྲིག་ཆས་སོགས་ལ་ལས་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱས་ཏེ་འགག་སྒོ་རེ་རེ་བཞིན་ནན་པོ་བསྲུངས་ནས་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྲུངས་ཐོག“ཕུང་འདྲེ”དེ་དག་ལ་དོ་དམ་ཆད་གཅོད་ནན་པོ་བྱས་ཏེ་ཁྲོམ་ར་ནས་ཕྱིར་འབུད་གཏོང་དགོས་པ། ཐོན་ལས་གསར་པ་དང་ལས་རྣམ་གསར་པར་བསྟུན་མཁས་ངང་ལྟ་སྐུལ་དོ་དམ་གཟབ་ནན་མཐའ་འཁྱོངས་ཀྱིས་དེ་དག་གསར་གཏོད་དང་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་གཞི་རྩའི་རྩ་དོན་དང་བདེ་འཇགས་ཀྱི་མཐའ་ཚད་སྲུང་དགོས་པ་དང་འབྲེལ་ཁྲོམ་རའི་གསོན་ཤུགས་འདོན་སྤེལ་ལ་འགལ་རྐྱེན་བཟོ་བའི་སྒེར་སྡེམ་བྱེད་སྤྱོད་སྣ་ཚོགས་མཐའ་གཅིག་ཏུ་མེད་པར་བཟོ་དགོས་པ་བཅས་གསུངས།