མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལུའོ་དབར་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་16ཉིན། 14:47】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

            མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལུའོ་དང་གྲོས་མོལ་གནང་བ་རེད།
             ཞི་ཅིན་ཕིང་གིས་མཱ་ཏུའུ་ལུའོ་ཡིས་ཀྲུང་གོར་འཚམས་འདྲི་ཐེངས་བཅུ་པ་གནང་བར་དགའ་བསུ་ཞུས་པ་དང་མཱ་ཏུའུ་ལུའོ་ཡིས་ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་དང་ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་དབར་གྱི་མཉམ་ལས་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་གནང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ལ་དམིགས་ཏེ་ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་གཏོང་གི་ཡོད། མིག་སྔའི་འཛམ་གླིང་གི་དུས་བབ་བརྟན་པོ་མེད་པ་དང་གཏན་འཁེལ་མེད་པའི་རང་བཞིན་མང་དུ་ཕྱིན་ཡོད། དུས་བབ་གསར་པ་དང་འགྲན་སློང་གསར་པའི་མདུན་དུ་ཀྲུང་གོ་དང་ཝེ་ནེ་ཙུའེ་ལ་ཡིས་མཛའ་གྲོགས་དང་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་གཏོང་བ་དང་། གཉིས་ཕན་མཉམ་ལས་གསར་གཏོད་དང་སྐུལ་འདེད་གཏོང་བ། ཐུན་མོང་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པར་སླེབས་རྒྱུར་སྣེ་ཁྲིད་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེ་བ་སྐྲུན་དགོས་ཞེས་གསུངས་པ་རེད།
            ཞི་ཅིན་ཕིང་གིས་ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་གཏོང་བ་དང་མཐོ་རིམ་དབར་སྤེལ་རེས་ཀྱི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱས་ནས་ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་མཛའ་གྲོགས་དེ་རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་གི་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་དུ་འགྱུར་བ་བྱེད་དགོས། ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་ཀྲུང་གོ་ཕྱོགས་ལ་བསམ་ཤེས་དང་རྒྱབ་སྐྱོར་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱ་རྒྱུ་དང་ཝེ་ནེ་ཙུའེ་ལའི་སྲིད་གཞུང་གིས་རྒྱལ་ཁབ་བརྟན་ལྷིང་དང་འཕེལ་རྒྱས་ཡོང་བར་འབད་བརྩོན་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་ཝེ་ནེ་ཙུའེ་ལ་ཡིས་རང་གི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་འགྲོ་ལམ་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་འབྲེལ་ཝེ་ནེ་ཙུའེ་ལ་ཕྱོགས་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཕྱོགས་གཉིས་པོས་དངོས་སྒྲུབ་མཉམ་ལས་ལེགས་སུ་གཏོང་བ་དང་གསར་གཏོད་བྱེད་པ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་བསམ་ཤེས་དྲན་ཐོར་མིང་རྟགས་འགོད་རྒྱུ་གོ་སྐབས་སུ་བྱས་ཏེ་ཕྱོགས་གཉིས་པོའི་དབར་བྱུང་བའི་མཉམ་ལས་ཀྱི་ངོས་འཛིན་གཅིག་མཐུན་མགྱོགས་མྱུར་སྦྲེལ་མཐུད་དང་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ཐོག་ཝེ་ནེ་ཙུའེ་ལ་ཕྱོགས་ཀྱི་རང་བརྟེན་འཕེལ་རྒྱས་ནུས་པ་ཆེ་རུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མཉམ་ལས་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། 
            ཕྱོགས་གཉིས་པོས་དམངས་སེམས་སྦྲེལ་མཐུད་ལ་་སྐུལ་འདེད་ཧུར་ཐག་གཏོང་བ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་དང་ས་གནས་དབར་གྱི་འགྲོ འོང་རྒྱ་ཆེར་བཏང་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་འབྲེལ་བའི་སྤྱི་ཚོགས་ཀྱི་གཞི་རྩ་བརྟན་དུ་གཏོང་དགོས། ཕྱོགས་གཉིས་པོས་ཕྱོགས་མང་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱི་དང་ས་ཁུལ་རྩ་འཛུགས་ནང་འབྲེལ་གཏུག་བྱ་རྒྱུར་མུ་མཐུད་ཤུགས་སྣོན་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་ནང་མཉམ་དུ་ཞུགས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
           མཱ་ཏུའུ་ལུའོ་ཡིས་ཝེ་ནེ་ཙུའེ་ལ་དང་ཀྲུང་གོའི་མི་དམངས་ཡུན་རིང་མཛའ་གྲོགས་ཟབ་མོ་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག ཝེ་ནེ་ཙུའེ་ལ་དང་ཀྲུང་གོའི་དབར་གྱི་འབྲེལ་བར་ཉམས་སད་སྣ་ཚོགས་ཐེག་པ་དང་ཉིན་རེ་ལས་མ་འདས་པར་བརྟན་དུ་འགྲོ་བ་དང་གྲུབ་འབྲས་མང་པོ་ཐོབ་ཡོད། ད་ཐེངས་ང་ཀྲུང་གོར་འཚམས་འདྲིར་ཡོང་སྟེ་ཕྱོགས་གཉིས་པོས་ཁྱབ་ཁོངས་མང་པོའི་མཉམ་ལས་རྒྱ་ཆེར་གཏོང་རྒྱུའི་ཐད་ངོས་འཛིན་གཅིག་མཐུན་བྱུང་བ་དེ་ཐོག་ནས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ནི་ཕྱོགས་ཡོངས་ཡིན་པ་དང་ཝེ་ནེ་ཙུའེ་ལས་སྐུལ་འདེད་གཏོང་བཞིན་པའི“རྒྱལ་ཁབ་ཀྱི་དཔལ་འབྱོར་སླར་གསོ་དང་། བརྟན་པོ། དར་རྒྱས་བཅས་ཀྱི་འཆར་གཞི”དང་རྦད་དེ་མཐུན་པ་གང་ལེགས་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ཝེ་ནེ་ཙུའེ་ལར་བསམ་ཤེས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དཔྱད་གཞིའི་མེ་ལོང་དུ་འཛིན་པ་དང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ་མ་རྩ་བསྡུ་སྒྲིལ་གྱི་བྱ་ཐབས་ནུས་ལྡན་ལ་གྲོས་བསྡུར་བྱེད་པ། ནུས་རྒྱུ་དང་ཐོན་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་རྒྱ་ཆེར་གཏོང་བ་བཅས་བྱས་ནས་ལག་གདང་སྦྲེལ་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཐད་དེ་བས་མཛེ ས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་འདོད་ཡོད་ཅེས་གསུངས་པ་རེད།