མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་པེ་ཅིང་དུ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་16ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཀྲུང་གོ་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་པེ་ཅིང་དུ་འཚོགས་པ།

              མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་14ཉིན་གྱི་སྔ་དྲོར། ཀྲུང་གོ་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་པ་རེད། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོགས་ཆེན་ལ་ཕེབས་ནས་རྟེན་འབྲེལ་ཞུས་པ་དང་། ཧན་ཀྲེང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཤིས་ཚིག་གསུངས་པ་རེད།
           བརྗིད་ཉམས་ལྡན་པའི་མི་དམངས་ཚོགས་ཁང་ཆེ་མོའི་ནང་རྣམ་པ་བབ་བརླིང་ལྡན་ལ་སྤྲོ་སེམས་འཁོལ་བ་ཞིག་ཡོད་ཅིང་། ཀྲུའུ་ཞི་སྡིངས་ཆའི་སྟེང་ངོས་སུ“ཀྲུང་གོ་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བདུན་པ”ཞེས་པའི་འཕྲེད་འགེལ་ཡི་གེ་བཀལ་ཡོད་པ་དང་། རྒྱབ་རས་ཀྱི་དཀྱིལ་དུ་བཀལ་བའི་ཀྲུང་གོ་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་རྟགས་དེ་བས་མངོན་གསལ་དོད་པ་དང་གཞོགས་གཉིས་སུ་དར་དམར་བཅུ་བསྒྲིགས་ཡོད་པ་རེད། ཐོག་སོ་གཉིས་པའི་ལྟ་སྟེགས་ཐོག“བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། དུས་རབས་གསར་པའི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་གི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ནས་དབང་པོ་སྐྱོན་ཅན་གཅེན་གཅུང་མིང་སྲིང་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས”ཞེས་པའི་འཕྲེད་འགེལ་ཡི་གེ་ཆེན་པོ་ཞིག་བཀལ་ཡོད་པ་རེད། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་འཐུས་མི་600ལྷག་ཙམ་གྱིས་དབང་པོ་སྐྱོན་ཅན་ཁྲི་8500ཡི་མངགས་བཅོལ་ཟབ་མོ་བློ་ལ་བཅངས་ནས་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།
          སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཡི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སོགས་འགོ་ཁྲིད་ཚོགས་རར་ཕེབས་སྐབས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས།
          རྔམ་བརྗིད་ལྡན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་ཁྲོད་ཚོགས་ཆེན་འགོ་ཚུགས་པ་རེད།
         ཧན་ཀྲེང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་འགོ་བརྗོད་དུ་《དུས་རབས་གསར་པའི་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུའི་ཐོག་དབང་པོ་སྐྱོན་ཅན་ལ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་གཏོད་》ཅེས་འཁོད་པའི་ཤིས་ཚིག་གསུངས་པ་རེད། ཧན་ཀྲེང་གིས་དང་ཐོག་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་སྦྲགས། རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་དང་། དབང་པོ་སྐྱོན་ཅན་གྱི་གཉེན་ཉེ་དང་གྲོགས་པོ། དབང་པོ་སྐྱོན་ཅན་གྱི་ལས་དོན་མི་སྣ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
         ཧན་ཀྲེང་གིས་ཤིས་ཚིག་གསུང་སྐབས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབང་པོ་སྐྱོན་ཅན་དང་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་བླང་བྱ་ཁ་གསལ་རབ་དང་རིམ་པ་བཏོན་གནང་སྟེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་འགྲོ་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད་ལ། རྩ་བའི་གཞི་འཛིན་སའང་མཁོ་འདོན་གནང་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཡང་དག་པའི་རིན་ཐང་ལྟ་བ་གཏོད་རྒྱུ་མཐའ་འཁྱོངས་བྱེད་པ། ཉམས་ཞན་ལ་རོགས་སྐྱོར་བྱེད་པའི་རྩ་དོན་དང་ལངས་ཕྱོགས་བརྟན་པོ་སྲུང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་ལས་འགན་ལེགས་སྒྲུབ་བྱེད་པ། དབང་པོ་སྐྱོན་ཅན་གྱི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་ཐུན་མོང་ཐོག་ཕྱུག་པོ་ཆགས་རྒྱུར་སྐུལ་འདེད་གཏོང་བ། དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུ་དེ་རང་འཁྲིའི་འགན་འཁྲིར་བརྩི་བ་བཅས་བྱས་ནས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་གྱི་རླབས་ཆེན་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་དབང་པོ་སྐྱོན་ཅན་ལ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་གཏོད་དགོས་ཞེས་གསུངས་པ་རེད།
          ཧན་ཀྲེང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱིས་དབང་པོ་སྐྱོན་ཅན་དང་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་པ། རིམ་ཁག་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་འཁྲི་ཏན་ཏིག་འཁུར་བ། རྒྱ་ཆེའི་དབང་པོ་སྐྱོན་ཅན་གྱིས་རང་རྟོགས་ངང་མི་སྒེར་གྱི་ཕུགས་བསམ་དང་ཀྲུང་གོའི་ཕུགས་འདུན་འབྲེལ་བ་དམ་ཟབ་བཅས་བྱས་ནས་དུས་རབས་གསར་པའི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས་ཞེས་གསུངས་པ་རེད།
         གུང་གཞོན་སྡེ་ཚོགས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཨང་དང་པོ་ཧོ་ཅུན་ཁོ་ཡིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་། ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་། ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས། ཀྲུང་ཧྭ་རྒྱལ་ཡོངས་ཚུར་ལོག་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས། ཀྲུང་ཧྭ་རྒྱལ་ཡོངས་ཐའེ་དབན་སྤུན་ཟླའི་མཐུན་འབྲེལ་ལྷན་ཚོགས་བཅས་ཀྱི་ཚབ་ཞུས་ནས་ཚོགས་ཆེན་ཐོག་ཤིག་ཚིག་གསུངས་པ་རེད།
          ཤིས་ཚིག་ནང་མང་ཚོགས་ཚོགས་པའི་རྩ་འཛུགས་ཁག་གིས་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཧུར་ཐག་ཞུ་བ་དང་། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་པ། བློ་བརྟན་འགྱུར་མེད་ངང་རང་ངོས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་ནན་ཏན་བྱེད་པ་བཅས་བྱས་ནས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་འཁོད་ཡོད་པ་རེད།
           ཀྲུང་གོ་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲང་ཧའེ་ཏི་ཡིས་ཀྲུང་གོ་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་སྐབས་དྲུག་པའི་ཀྲུའུ་ཞི་ཚོགས་པའི་ཚབ་ཞུས་ནས་ཚོགས་ཆེན་ཐོག་འགོ་བརྗོད་དུ་《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། དབང་པོ་སྐྱོན་ཅན་གཅེན་གཅུང་མིང་སྲིང་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་མཉམ་དུ་མཛེས་སྡུག་ལྡན་པའི་འབྱོར་འབྲིང་འཚོ་བའི་ཕྱོགས་སུ་སྐྱོད་དགོས་》ཞེས་འཁོད་པའི་ལས་དོན་སྙན་སྒྲོན་གནང་བ་རེད།
           ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་ཁག་གཅིག་ཚོགས་འདུར་ཕེབས་ཡོད་པ་རེད།
          ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། དམག་དཔུང་གི་འབྲེལ་ཡོད་ཚན་པ། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། མི་དམངས་ཚོགས་པ་ཁག པེ་ཅིང་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན་བཅས་དང་དེ་བཞིན་ཀྲུང་གོ་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བདུན་པའི་འཐུས་མི་སོགས་ཁྱོན་མི་3000ཙམ་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད། 

༄༅།།ཀྲུང་གོ་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་པེ་ཅིང་དུ་འཚོགས་པ།