མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འཛམ་གླིང་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་ཡར་སྐུལ་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་
ཡིག་སྤྲིངས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་19ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

       མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་17ཉིན། འཛམ་གླིང་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་ཡར་སྐུལ་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
        ཞི་ཅིན་ཕིང་གིས་ཚན་རིག་ལག་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པ་དང་གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཨང་དང་པོ་ཡིན། མིག་སྔར་གོ་ལ་ཧྲིལ་པོའི་རེས་སྐོར་གསར་པའི་ཚན་རིག་གསར་བརྗེ་རྩ་བ་ཚུགས་ཏེ་མྱུ་གུ་འབུས་བཞིན་ཡོད་པ་དེས་འཛམ་གླིང་འཕེལ་རྒྱས་ཀྱི་རྣམ་པར་ཤུགས་རྐྱེན་གཏིང་ཟབ་ཐེབས་བཞིན་ཡོད་ལ་མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལའང་འགྱུར་བ་གཏིང་ཟབ་གཏོང་བཞིན་ཡོད། ཚན་རྩལ་ཐོན་ལས་ལས་རིགས་དང་སྤྱི་ཚོགས་ལས་རིགས་ཁག་གི་མཐུན་སྦྱོར་གསར་གཏོད་ལ་ཤུགས་སྣོན་དང་རྒྱལ་ཁབ་ཁག་གི་སྒོ་དབྱེ་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་ལ་ཚན་རྩལ་འཕེལ་རྒྱས་ཀྱིས་ནུས་པ་དེ་བས་ཆེ་བ་འདོན་རྒྱུའི་ཐབས་ལམ་གལ་ཆེན་ཞིག་རེད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོས་ཚན་རིག་ཁྱབ་གདལ་ཐུབ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ་རྒྱ་ཆེའི་མི་དམངས་ཀྱི་ཚན་རིག་རིག་གནས་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་གི་ཡོད། ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་ཚན་རིག་ཁྱབ་གདལ་ཐད་སྤེལ་རེས་ཧུར་ཐག་བྱེད་ཀྱི་ཡོད་ལ་མི་དམངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བའི་ཉམས་མྱོང་དང་བྱ་ཐབས་མཉམ་སྤྱོད་ཀྱང་བྱས་ཏེ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་དར་ཞིང་རྒྱས་པའི་འཛམ་གླིང་མཉམ་སྐྲུན་ལ་སྐུལ་འདེད་གཏོང་གི་ཡོད། སྐུ་མགྲོན་ལྷན་རྒྱས་ཀྱིས་ད་ཐེངས་ཀྱི་ཚོགས་ཆེན་རིང་ཚན་རིག་ཤེས་བྱ་ཁྱབ་གདལ་དང་། ཚན་རིག་གི་སྙིང་སྟོབས་དར་སྤེལ། ཚན་རིག་གི་བསམ་བློ་བརྒྱུད་སྤྲོད། ཚན་རིག་དང་མཐུན་པའི་བྱ་ཐབས་ཁྱབ་སྤེལ་བཅས་ཀྱི་ཐད་སྤེལ་རེས་ཧུར་ཐག་དང་ཕན་ཚུན་དཔྱད་གཞིར་འཛིན་ནས་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བ་དང་། ཚན་རིག་གི་གྲུབ་འབྲས་མཉམ་སྤྱོད་ལ་སྐུལ་འདེད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་བཅས་ཀྱི་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།