མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་2018ལོའི་འཛམ་གླིང་གི་མི་བཟོས་རིག་ནུས་ཚོགས་ཆེན་འགོ་ཚུགས་པར་འཕྲིན་ཡིག་སྤྲིངས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་19ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་17ཉིན། 2018ལོའི་འཛམ་གླིང་གི་མི་བཟོས་རིག་ནུས་ཚོགས་ཆེན་ཧྲང་ཧའེ་རུ་འགོ་ཚུགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས་པ་དང་། ཚོགས་ཆེན་ལ་ཞུགས་མཁན་རྒྱལ་ཁབ་ཁག་གི་འཐུས་མི་དང་། རྒྱལ་སྤྱིའི་སྒྲིག་གཞིའི་འགན་འཁུར་བ། རིགས་གཅིག་མཁས་ཅན་དང་མཁས་དབང་། ཁེ་ལས་མཁས་ཅན་སོགས་ལས་རིགས་ཁག་གི་མི་སྣར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་གནང་བ་རེད།
         ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། རབས་གསར་པའི་མི་བཟོས་རིག་ནུས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་པ་དང་མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་ཆེན་པོ་གཏོང་བཞིན་ཡོད་པ་རེད། འཕེལ་རྒྱས་ཀྱི་གོ་སྐབས་དེ་དམ་འཛིན་ཡག་པོ་བྱེད་པ་དང་མི་བཟོས་རིག་ནུས་ཀྱིས་བཅའ་ཁྲིམས་དང་། བདེ་འཇགས། ལས་ཞུཌ། ཀུན་སྤྱོད་དང་མི་ཆོས། སྲིད་གཞུང་གི་བཅོས་སྐྱོང་སོགས་ཐད་བཏོན་པའི་ཞིབ་འཇུག་བྱ་གཞི་གསར་པ་ཐག་གཅོད་ཡག་པོ་བྱེད་པར་རྒྱལ་ཁབ་ཁག་དབར་མཉམ་ལས་གཏིང་ཟབ་དང་ཐུན་མོང་ཐོག་ཞིབ་དཔྱད་བྱེད་དགོས། ཀྲུང་གོས་མི་བཟོས་རིག་ནུས་ཁྱབ་ཁོངས་ཐད་རྒྱལ་ཁབ་ཁག་དང་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། བདེ་འཇགས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ། གྲུབ་འབྲས་ཐུན་མོང་ཐོག་སྤྱོད་པ་བཅས་བྱེད་འདོད་ཡོད་ཅེས་བསྟན་གནང་བ་རེད།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོར་རྒྱུར་གཞོལ་བཞིན་ཡོད། མི་བཟོས་རིག་ནུས་འཕེལ་རྒྱས་དང་བཀོལ་སྤྱོད་དེས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རིག་ནུས་ཅན་གྱི་ཆུ་ཚད་མཐོ་རུ་ནུས་ལྡན་གཏོང་རྒྱུ་དང་སྤྱི་པའི་ཞབས་ཞུ་དང་གྲོང་ཁྱེར་དོ་དམ་གྱི་ནུས་པ་ཆེ་རུ་ནུས་ལྡན་གཏོང་རྒྱུ་རེད། ཀྲུང་གོས་ལག་རྩལ་སྤེལ་རེས་དང་། གྲངས་གཞི་མཉམ་སྤྱོད། ཁྲོམ་ར་བཀོལ་སྤྱོད་སོགས་ཐད་རྒྱལ་ཁབ་ཁག་དང་སྤེལ་རེས་དང་མཉམ་ལས་བྱས་ཏེ་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་འདོད་ཡོད། ཚོགས་ཆེན་ལ་ཞུགས་མཁན་སྐུ་མགྲོན་ཚོས“མི་བཟོས་རིག་ནུས་ལྡན་པའི་དུས་རབས་གསར་པ”ཞེས་པའི་བརྗོད་དོན་གཙོ་བོ་དེར་དམིགས་ནས་སྤེལ་རེས་གཏིང་ཟབ་དང་ཐུན་མོང་གི་ངོས་འཛིན་གཅིག་མཐུན་ཆགས་པ་བྱས་ཏེ་མི་བཟོས་རིག་ནུས་ཀྱིས་མིའི་རིགས་ལ་བདེ་སྐྱིད་བསྐྲུན་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་ཐུགས་རེ་གནང་བ་རེད།
        འགོ་ཚུགས་མཛད་སྒོའི་ཐོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཆང་གིས་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་ཤིང་། ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་དེས་ང་ཚོར་མི་བཟོས་རིག་ནུས་མགྱོགས་ལ་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཧྲང་ཧའེ་ཡིས་གོ་ལ་ཧྲིལ་པོར་ཕྱོགས་པ་དང་འབྱུང་འགྱུར་ལ་ཕྱོགས་པའི་མཐོང་རྒྱའི་ཐོག་ནས་གོ་སྐབས་དམ་འཛིན་དང་ཁོར་ཡུག་བཏོད་དེ་མི་བཟོས་རིག་ནུས་གསར་གཏོད་ཀྱི་འབྱུང་གནས་དང་། བཀོལ་སྤྱོད་དཔེ་སྟོན། ལམ་ལུགས་མཁོ་སྤྲོད། ཤེས་ལྡན་པ་གཅིག་སྡུད་བཅས་ཀྱི་མཐོ་ས་ཞིག་ནུས་ཤུགས་ཡོད་རྒུས་གཏོད་དགོས་ཞེས་གསུངས།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཧོ་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆེད་མངགས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་དེ་ཐོག་ནས་ཀྲུང་གོ་སྲིད་གཞུང་གིས་ད་རེས་ཀྱི་ཚོགས་ཆེན་དང་མི་བཟོས་རིག་ནུས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ལུགས་མཚོན་ཡོད། ཀྲུང་གོའི་མི་བཟོས་རིག་ནུས་འཕེལ་རྒྱས་དེ་དགོས་མཁོའི་ཕྱོགས་སྟོན་གྱིས་ཚོང་ལས་ལ་སྣེ་ཁྲིད་བྱེད་པའི་བྱེད་སྟངས་གསར་གཏོད་དང་། ཁྲོམ་རའི་བཀོལ་སྤྱོད་ལྡོག་སྐུལ་གྱི་རྨང་གཞིའི་རིགས་པའི་གཞུང་ལུགས་དང་འགག་རྩའི་ལག་རྩལ་གསར་གཏོད་བཅས་ཀྱི་ཐུན་མིན་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་རིམ་བཞིན་སྐྱོད་ཡོད། གོམ་སྟབས་རྗེས་མར་དགོས་མཁོའི་སྣེ་ཁྲིད་ཀྱི་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ་དང་། རྨང་གཞིའི་ཞིབ་འཇུག་དང་རྨང་གཞིའི་སྒྲིག་བཀོད་ལ་ཤུགས་སྣོན་རྒྱག་པ། བྱེ་བྲག་བྱེད་པོའི་གསར་གཏོད་གསོན་ཤུཌ་འཕེལ་བ་བཅས་བྱས་ནས་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་ཆེན་པོ་རྒྱག་དགོས། ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས་མི་བཟོས་རིག་ནུས་དེ་མིའི་རིགས་ལ་ཕན་ཐོགས་པའི་ཕྱོགས་སུ་འཕེལ་རྒྱས་གཏོང་འདོད་ཡོད་ཅེས་གསུངས།