མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་གྱི་སྐམ་དམག་གི་ཚན་མོའུ་ཀྲང་པཱ་ཅེ་ཝ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་21ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཕ་ཁི་སི་ཐན་གྱི་སྐམ་དམག་གི་ཚན་མོའུ་ཀྲང་པཱ་ཅེ་ཝ་དང་མཇལ་འཛོམས་གནང་བ་རེད།
     པཱ་ཅེ་ཝས་དང་ཐོག་ཙུང་ཐུང་ཨར་ཝུའེ་དང་ཙུང་ལི་དབྱི་མུའུ་ལན་རྣམ་གཉིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་གནང་ལུགས་བརྒྱུད་ཞུ་གནང་བ་རེད། ཞི་ཅིན་ཕིང་གིས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། པཱ་ཅེ་ཝར་ཙུང་ཐུང་ཨར་ཝུའེ་དང་ཙུང་ལི་དབྱི་མུའུ་ལན་གཉིས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་རོགས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཕ་ཁི་སི་ཐན་རྒྱལ་ཁབ་གཉིས་ནི་དུས་དང་རྣམ་པ་ཀུན་ཏུ་འཐབ་ཇུས་ཀྱི་མཉམ་ལས་རོགས་ཟླ་ཡིན་ལ། གྲོགས་པོ་བློས་ཐུབ་ཀྱང་ཡིན། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ཕྱོགས་གཉིས་པོས་ཚད་མཐོའི་ལྟ་སྟངས་གཅིག་མཐུན་རྒྱུན་འཁྱོངས་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཕན་ཚུན་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕྱོགས་གཉིས་པོས་ཕན་ཚུན་ཚད་མཐོའི་ཡིད་ཆེས་བྱེད་པ་དང་། ཕ་ཁི་སི་ཐན་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”དང་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་བྱ་ཆེད་རྒྱབ་སྐྱོར་དང་བདེ་འཇགས་ཀྱི་འགན་ལེན་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད། གལ་ཏེ། ཚད་མཐོའི་ཕན་ཚུན་ཡིད་ཆེས་དང་བྱ་ཐབས་ཏན་ཏིག་ཡོད་ཚེ། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་གྲུབ་འབྲས་ཐོབ་ངེས་ཡིན་ལ། རྒྱལ་ཁབ་གཉིས་པོའི་མི་དམངས་ལའང་བདེ་སྐྱིད་སྐྲུན་ཐུབ་ངེས་ཡིན། མིག་སྔའི་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་པོ་འགྲོ་བཞིན་ཡོད། རྒྱལ་ཁབ་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་དང་། ཕན་ཚུན་རོགས་རམ། ཕན་ཚུན་མཉམ་ལས་བཅས་བྱས་པས་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་ལ། དུས་རབས་ཀྱི་འཕེལ་ཕྱོགས་དང་ཡང་མཐུན་ཡོད། ཕྱོགས་གཉིས་པོས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་མཐུན་སྦྱོར་དང་མཉམ་ལས་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕར་ཕྱོགས་ལ་རྒྱབ་སྐྱོར་བརྟན་པོ་བྱེད་དགོས་ཞེས་གསུངས་པ་རེད།