མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུའུ་ཞི་ཞི་ཅིན་ཕིང་སྟངས་དཔྱལ་གྱིས་ཁམ་ཕུ་ཁྲེའི་རྒྱལ་པོ་ཤིས་ཧ་མུ་ཉི་དང་ཡུམ་ཆེན་མུ་ཉི་
ལེར་གཟིགས་པར་ཕེབས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་21ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཀྲུའུ་ཞི་ཞི་ཅིན་ཕིང་སྟངས་དཔྱལ་གྱིས་ཁམ་ཕུ་ཁྲེའི་རྒྱལ་པོ་ཤིས་ཧ་མུ་ཉི་དང་ཡུམ་ཆེན་མུ་ཉི་
ལེར་གཟིགས་པར་ཕེབས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་19ཉིན་གྱི་དགོང་མོ་ཟླ་མཆོད་དུས་ཆེན་འཆར་ཉེའི་མཚམས་སུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་པེ་ཅིང་དུ་ལུས་གསོར་ཕེབས་པའི་ཁམ་ཕུ་ཁྲེའི་རྒྱལ་པོ་ཤིས་ཧ་མུ་ཉི་དང་ཡུམ་ཆེན་མུ་ཉི་ལེར་མཛའ་བརྩེའི་ངང་གཟིགས་པར་ཕེབས་པ་རེད།
         ཞི་ཅིན་ཕིང་གིས་དང་ཐོག་རྒྱལ་པོ་ཤིས་ཧ་མུ་ཉི་དང་ཡུམ་ཆེན་མུ་ཉི་ལེར་དུས་ཆེན་སྤྲོ་པོ་དང་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུས་གནང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཁམ་ཕུ་ཁྲེའི་དབར་གྱི་འབྲེལ་བ་ཟབ་ལ་དམིགས་བསལ་ཆེ་བ་དང་གཏིང་ཟབ་པའི་ལོ་རྒྱུས་ཀྱི་བརྩེ་དུང་ཆགས་ཡོད། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་60སོང་རིང་ཀྲུང་གོའི་འགོ་ཁྲིད་རྒན་རབས་པ་དང་རྒྱལ་པོའི་ཡབ་ཆེན་ཤིས་ཧ་ནུའུ་ཁེས་ལྷན་དུ་གཏོད་གནང་བ་དང་གཅེས་འཛིན་ཡག་པོ་གནང་བའི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་གྲོགས་ལ་ཉིན་བཞིན་དབྱར་མཚོ་རྒྱས་པ་ལྟར་གྱི་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད། རྒྱལ་པོ་ཤིས་ཧ་མུ་ཉི་དང་ཡུམ་ཆེན་མུ་ཉི་ལེས་ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་གྲོགས་ལ་བརྩེ་སེམས་བཅངས་ནས་ཀྲུང་གོ་དང་ཁམ་ཕུ་ཁྲེའི་དབར་གྱི་འབྲེལ་བ་གོང་འཕེལ་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེའི་རྒྱལ་པོ་ཚང་གི་དམིགས་བསལ་མཛའ་གྲོགས་ལ་གཅེས་འཛིན་བྱེད་ཀྱི་ཡོད་པ་དང་། 2016ལོ་ནས་ད་བར། ང་དང་རྒྱལ་པོ་ཤིས་ཧ་མུ་ཉི་དང་ཡུམ་ཆེན་མུ་ཉི་ལེ་ལོ་ལྟར་ཐུག་འཕྲད་བྱུང་བ་ནི་ཁྱིམ་མི་མཉམ་འཛོམས་བྱུང་བ་དང་འདྲ་ལ་ང་དང་རྒྱལ་པོ་ཤིས་ཧ་མུ་ཉིའི་དབར་ཀྲུང་གོ་དང་ཁམ་ཕུ་ཁྲེའི་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས་ཕྱོགས་གཉིས་པོའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད། རྒྱལ་ཁབ་གཉིས་པོའི་མཐོ་རིམ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གཉེན་ཉེ་ལྟར་རྟག་ཏུ་འགྲོ་འོང་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེའི་འདེམས་བསྐོ་ཆེ་མོ་ཐུགས་གྲ་ལེགས་འགྲིག་བྱུང་བ་མ་ཟད། སྐབས་གསར་པའི་རྒྱལ་ཚོགས་དང་སྲིད་གཞུང་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་གནང་བ་དང་། རྒྱལ་པོ་ཤིས་ཧ་མུ་ཉིའི་ཐུགས་ཁུར་དང་དབུ་བཞུགས་བློན་ཆེན་ཧུང་སེན་གྱིས་གཙོ་བོ་གནང་བའི་རྒྱལ་ལྡན་རྒྱལ་ཁབ་སྲིད་གཞུང་གི་འགོ་ཁྲིད་འོག ཁམ་ཕུ་ཁྲེར་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བྱ་གཞག་ཁྲོད་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུའི་སྨོན་འདུན་ཞུས་པ་མ་ཟད། ཁམ་ཕུ་ཁྲེ་ཡུན་རིང་བདེ་འཁོད་དང་མི་དམངས་བདེ་སྐྱིད་ཡོང་བའི་སྨོན་འདུན་ཡང་ཞུས་ཡོད། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་དང་འབྲེལ་བ་བྱ་རྒྱུར་མཐོང་ཆེན་པོ་བྱས་ནས་ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་ཡག་པོ་དང་སྔ་འཛིན་ཕྱི་གཏོད་བྱས་ནས་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།