མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨན་ཀོ་ལའི་ཙུང་ཐུང་ལུའོ་ལུན་སུའོ་དང་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་11ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཞི་ཅིན་ཕིང་གིས་ཨན་ཀོ་ལའི་ཙུང་ཐུང་ལུའོ་ལུན་སུའོ་དང་གྲོས་མོལ་གནང་བ།

               མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨན་ཀོ་ལའི་ཙུང་ཐུང་ལུའོ་ལུན་སུའོ་དང་གྲོས་མོལ་གནང་བ་རེད།
                ཞི་ཅིན་ཕིང་གིས་ལུའོ་ལུན་སུའོ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་ཤིང་། ཁོང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་མཇུག་འགྲིལ་ནས་ཟླ་གཅིག་སོང་རྗེས། སླར་ཡང་ལུའོ་ལུན་སུའོ་དང་ཞལ་འཛོམས་བྱུང་བར་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས་པེ་ཅིང་གི་དབུ་ཚོགས་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་དེས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་དང་། ཀྲུང་གོ་དང་ཨན་ཀོ་ལའི་འབྲེལ་བ་འཕེལ་རྒྱལ་འགྲོ་ཆེད་སྒུལ་ཤུགས་གསར་པ་བསྣན་ཡོད་ལ། གོ་སྐབས་གསར་པའང་སྦྱིན་ཡོད། ཕྱོགས་གཉིས་པོས་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཨན་ཀོ་ལའི་འབྲེལ་བ་མདུན་ཕྱོགས་སུ་འཕེལ་རྒྱས་ཧུར་ཐག་དང་མགྱོགས་མྱུར་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་ཨན་ཀོ་ལ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་འབྱུང་འགྱུར་ལ་ཀྲུང་གོ་ཕྱོགས་ཀྱིས་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
             ཞི་ཅིན་ཕིང་གིས་ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཐོ་རིམ་འགྲོ་འོང་བྱེད་ཟབ་ཏུ་གཏོང་བ། འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་བྱེད་སར་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་པ་བཅས་བྱེད་དགོས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་ལོ་རྒྱུས་ཀྱི་གེགས་བར་བྱུང་ཚུལ་ཐད་ཀྲུང་གོ་ཕྱོགས་ལ་གཞན་སྡུག་རང་མྱོང་གི་བསམ་ཚུལ་ཡོད་པས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་མི་དམངས་ཀྱིས་ཕྱི་ནས་ཡོང་བའི་ཐེ་ཇུས་ལ་ངོ་རྒོལ་བྱེད་པ་དང་རང་བརྟེན་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱས་ཏེ། “བྱ་སྤྱོད་ཆེན་པོ་བརྒྱད”ཀྱི་འབྲེལ་ཡོད་བྱ་ཐབས་སྔ་ཙམ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ། ཕན་ཚུན་གྱི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ཡོང་བར་ཤུགས་སྣོན་རྒྱག་པ། སྲོལ་རྒྱུན་གྱི་ཁྱབ་ཁོངས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། འཕར་གཞི་གསར་པ་རྒྱ་ཆེར་གཏོང་བ། རྒྱལ་ཁབ་གཉིས་པོའི་གཉིས་ཕན་མཉམ་ལས་ལ་བཀྲག་མདངས་འཚེར་ས་གསར་པ་གཏོད་པ་བཅས་བྱས་ནས་ཨན་ཀོ་ལའི་བཟོ་ལས་ཅན་དང་དཔལ་འབྱོར་སྣ་མང་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། མི་སྣ་དང་ས་གནས་ཞིང་ཆེན་གྲོང་ཁྱེར་གསུམ་གྱི་འགྲོ་འོང་བྱེད་རྒྱ་ཆེ་རུ་བཏང་སྟེ། ཀྲུང་གོ་དང་ཨན་ཀོ་ལའི་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པ་དང་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱལ་སྤྱིའི་མཉམ་ལས་བྱེད་པ་དང་། ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་ཟབ་ཏུ་གཏོང་བ། ཕྱོགས་མང་རིང་ལུགས་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ། སྒོ་དབྱེ་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་འཛུགས་སྐྲུན་བྱེད་པ་བཅས་བྱས་ནས་རྒྱལ་སྤྱིའི་སྒྲིག་ལམ་དེ་བས་དྲང་གཞག་ལུགས་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
          ལུའོ་ལུན་སུའོ་ཡིས་ཨན་ཀོ་ལ་དང་ཀྲུང་གོ་རྒྱབ་ཁབ་གཉིས་པོས་མཐོ་རིམ་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་པ་དེ་ཐོག་ནས་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ལུགས་མཚོན་ཡོད། དུས་ཡུན་རིང་པོའི་ནང་། ཨན་ཀོ་ལ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོ་མཉམ་ལས་བྱས་པ་དེས་ཨན་ཀོ་ལའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དེ་བཞིན་དམངས་འཚོའི་ཁྱབ་ཁོངས་སུ་རྒྱལ་ཁབ་གཉིས་པོས་མཉམ་ལས་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ཨན་ཀོ་ལ་རྒྱལ་ཁབ་འཕེལ་རྒྱས་འགྲོ་ཆེད་རོགས་སྐྱོར་དེ་བས་ལེགས་པ་བྱ་རྒྱུར་ཨན་ཀོ་ལ་ཕྱོགས་ཀྱིས་རེ་སྒུག་བྱེད་ཀྱི་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཧྲིལ་པོའི་དབར་གྱི་མཉམ་ལས་ལ་སྐུལ་འདེད་ཐེབས་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁ་སྐམ་ས་ཆེ་མོའི་དོན་དངོས་ཀྱི་དགོས་མཁོ་གཞིར་བཟུང་ཨ་ཧྥེ་རི་ཁ་དང་མཉམ་ལས་བྱས་པ་དང་། ཏན་ཏན་ཏིག་ཏིག་གི་བྱ་ཐབས་སྤྱད་པ་མ་ཟད། ཆབ་སྲིད་ཀྱི་ཆ་རྐྱེན་གང་ཡང་མི་འདོན་པ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པའི་བྱ་ཐབས་ལ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་སྒྲོམ་གཞིའི་ནང་བཏོན་པའི་མཉམ་ལས་ཀྱི་འཆར་གཞི་དེས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་འཕེལ་རྒྱས་འགྲོ་རྒྱུར་དགེ་མཚན་ཧ་ཅང་ལྡན་པའི་ཤུགས་རྐྱེན་ཐེབས་ཡོད། ཨན་ཀོ་ལ་དང་ཀྲུང་གོའི་མཉམ་ལས་དེ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་འགྱུར་རྒྱུའི་རེ་བ་ཡོད། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྲུང་གོའི་ཤུགས་རྐྱེན་གལ་ཆེན་ལྡན་པར་ཨན་ཀོ་ལ་ཕྱོགས་ཀྱིས་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་གླེང་མང་བའི་གནད་དོན་ཐག་གཅོད་འོས་འཚམ་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་པར་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད། ཨན་ཀོ་ལས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། འཛམ་གླིང་གི་འབྱུང་འགྱུར་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་གཏན་འཁེལ་བྱེད་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད་པས། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་ལས་དོན་ནང་མཉམ་ལས་དམ་ཟབ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།